༢༠༠༩ ཕྱི་ཟླ་ ༡༢ ཚེས་ ༡༤ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༠༩ ཟླ་ ༡༢ ཚེས་ ༡༤ ཉིན་གྱི་གནས་ཚུལ་ལྟར་ན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་སྒྲིག་གནང་བའི་འདི་ལོའི་རྒྱལ་སྤྱིའི་གནམ་གཤིའི་འགྱུར་ལྡོག་དང་འབྲེལ་བའི་རྒྱལ་སྤྱིའི་ལྷན་ཚོགས་དེ་ཌན་མཀ་གི་རྒྱལ་ས་ཀོ་པན་ཧེ་གན་ (Copenhagen) ནང་དུ་འཚོགས་བཞིན་ཡོད་པ་རེད། སྐབས་དེར་བཙན་བྱོལ་བོད་གཞུང་ཕྱི་དྲིལ་ལས་ཁུངས་ཀྱི་ཁོར་ཡུག་ཚན་པའི་འགན་འཛིན་དང་ལས་རོགས། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ཕྱག་རོགས།བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོ་སོགས་འཐུས་མི་ཁག་གཅིག་ཀྱང་ལྷན་ཞུགས་གནང་ཡོད་པ་མ་ཟད། གནམ་གཤིས་འགྱུར་ལྡོག་དེས་མཐོ་སྒང་བོད་དང་བོད་ནས་བྱུང་བའི་ཆུ་ཆེན་ལ་བརྟེན་ནས་འཚོ་བཞིན་པའི་མི་འབོར་ཐེར་འབུམ་མང་པོར་རྗེས་འབྲས་ཇི་བྱུང་གི་གནས་སྟངས་ཐོག་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དོ་སྣང་སླེབས་ཆེད་གླེང་སྟེགས་སྒོར་མོའི་བགྲོ་གླེང་ཚོགས་འདུ་གོ་སྒྲིག་དང་། དངོས་བྱུང་གློག་བརྙན་སྟོན་རྒྱུས་མཚོན་བོད་ནང་གི་ཁོར་ཡུག་སྲུང་སྐྱོབ་ཐད་རྒྱལ་སྤྱིའི་སྤྱི་ཚོགས་ནང་དོ་སྣང་གང་མཚམས་ཤུགས་ཆེ་གཏོང་ཐབས་གནང་ཡོད། ཕྱི་ཟླ་ ༡༢ ཚེས་ ༡༢ ཉིན། འཛམ་གླིང་གི་སྣེ་གསུམ་པའི་ཚོགས་འདུ། ཞེས་པ་དེར་དབྱིན་ཡུལ་དང་ཕ་རན་སིའི་གཙོས་འཛམ་གླིང་ནང་ཡོད་པའི་བོད་རང་དབང་སློབ་ཕྲུག་ཚོགས་པའི་ཚོགས་མི་མཉམ་ཞུགས་གནང་ཐོག་དངོས་བྱུང་གློག་བརྙན་ཞིག་ཀྱང་བསྟན་ཡོད།
སྐབས་དེར་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་རྟེན་གཞི་བྱས་པའི་ཁོར་ཡུག་ལས་འགུལ་བ་གྲགས་ཅན་ལྕམ་སྐུ་ཝཎ་ཌ་ན་ཤི་བ་ (Vandana Shiva) ལགས་ཀྱིས་འཛམ་གླིང་གི་སྣེ་གསུམ་པ་བོད་ནང་གི་ཁོར་ཡུག་གནས་སྟངས་ཐོག་གསུང་བཤད་གནང་ཡོད། ཕྱི་ཚེས་ ༡༡ ཉིན། གནམ་གཤིས་འགྱུར་ལྡོག་དང་མིའི་ཐབས་ལམ། གནམ་གཤིས་འགྱུར་ལྡོག་འོག་འབྱུང་འགྱུར་བོད་དང་བོད་ཀྱི་འབྲོག་པའི་གནས་སྟངས། ཞེས་པའི་བརྗོད་གཞིའི་ཐོག་གླེང་སྟེགས་སྒོར་མོའི་ཚོགས་འདུ་ཞིག་ཚོགས་པའི་སྐབས་དེར་བོད་མིའི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་སྐུ་ཚབ་རྣམས་ནས་བོད་ནང་གི་འབྲོག་པའི་གནས་སྟངས་ཐོག་གནམ་གཤིས་འགྱུར་ལྡོག་གིས་རྗེས་འབྲས་ཇི་བྱུང་དང་། དེ་བཞིན་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོ་ནས་ཁོར་ཡུག་གི་དཀའ་ངལ་ལས་སྤྱི་ཚོགས་ནང་དཀའ་ངལ་བྱུང་བར་བརྟེན་རྒྱ་གཞུང་གིས་བོད་མི་ཚོ་འཛིན་བཟུང་བྱེད་ཀྱི་ཡོད་སྐོར་སོགས་གསལ་བཤད་གནང་། དེ་བཞིན་སྐབས་དེར་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ཀི་རྟི་སྒྲོལ་དཀར་ལྷ་མོ་ལགས་ནས་བོད་ཀྱི་སྨར་ཁམས་ས་ཁུལ་ནང་རྒྱ་གཞུང་གིས་གཏེར་ཁ་སྔོག་འདོན་བྱས་པར་བརྟེན་གནམ་གཤིས་འགྱུར་ལྡོག་གི་རྗེས་འབྲས་ཇི་བྱུང་གསལ་བཤད་གནང་ཡོད་པ་མ་ཟད།
བཙན་བྱོལ་སྤྱི་ཚོགས་ནང་བོད་མི་ན་གཞོན་ཚོས་གནམ་གཤིས་སྐོར་གོ་རྟོགས་ཇི་ཡོད་དང་འགན་ཇི་འདྲ་འཁྱེར་བཞིན་ཡོད་པའི་གློག་བརྙན་ཞིག་ཀྱང་བསྟན་ཡོད་པ་བཅས། །