༢༠༠༩ ཕྱི་ཟླ་ ༡༢ ཚེས་ ༢ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༠༩ ཟླ་ ༡༢ ཚེས་ ༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་སི་ཌི་ནིར་དད་ལྡན་ཆོས་ཞུ་བ་གྲངས་ ༥༠༠༠ ཙམ་ལ་ཉིན་གཉིས་ཀྱི་ཆོས་འབྲེལ་དབུ་འཛུགས་མཛད། དེ་ཡང་དཔལ་མགོན་ཀླུ་སྒྲུབ་ཀྱིས་མཛད་པའི་བྱངས་ཆུབ་སེམས་འགྲེེལ་གྱི་བཀའ་ཆོས་དབུ་འཛུགས་མ་མཛད་གོང་ཀ་ཌི་གལ་གདོད་མའི་མི་རིགས་རྣམས་ནས་རང་གི་སྲོལ་རྒྱུན་ཐོག་ནས་མགོན་པོ་གང་ཉིད་མཆོག་ལ་ཁུལ་དེར་ཕེབས་བསུའི་འཚམས་འདྲི་ཞུས་ཡོད་པ་རེད། ཀ་ཌི་གལ་ (Cadigal) གདོད་མའི་མི་རིགས་རྣམས་ནི་གྲོང་ཁྱེར་སི་ཌི་ནིའི་ས་ཁུལ་གྱི་བདག་པོ་ངོ་མ་དེ་རེད། སྐབས་དེར་ཐ་ཡི་ལེན་ཌི། ཝི་ཏི་ནམ། བོད་མི་སོགས་ནང་པའི་དད་ལྡན་ཆོས་ཞུ་བ་རྣམས་དང་དེ་བཞིན་རྒྱལ་ཁབ་འདྲ་མིན་ནས་དད་ལྡན་ཆོས་ཞུ་བ་ཡང་ཕེབས་ཡོད། ༸གོང་ས་མཆོག་གིས་ད་རེས་སླར་ཡང་ཨོ་སི་ཊོ་ལི་ཡར་༸ཞབས་སོར་འཁོད་ཐུབ་པར་ཐུགས་དགྱེས་ཚོར་ཆེན་པོ་བྱུང་ཡོད་སྐོར་བཀའ་སྩལ་ཡོད་པ་མ་ཟད། ལྷག་པར་དུ་དཔལ་མགོན་ཀླུ་སྒྲུབ་ཀྱིས་མཛད་པའི་བྱམས་ཆུབ་སེམས་འགྲེལ་དེ་བསྟན་ཆོས་རྩ་བ་ཆེན་པོ་ཞིག་དང་། གལ་ཆེན་པོ། གནས་ཚད་མཐོ་བོ་ཞིག་ཡིན་པ་དེར་འགྲེལ་བཤད་ཞུ་རྒྱུ་བྱུང་བར་ཐུགས་དགྱེས་ཚོར་བྱུང་ཡོད་སྐོར་ཡང་བཀའ་སྩལ་ཡོད། ཐོག་མར་མགོན་པོ་གང་ཉིད་མཆོག་གིས་ནང་གི་ཞི་བདེ་བསྐྲུན་རྒྱུའི་ནུས་པ་དེ་འཛམ་གླིང་གི་ཆོས་ལུགས་གཙོ་ཆེ་བ་ཚང་མའི་ནང་ཡོད་སྐོར་བཀའ་སློབ་སྩལ་དོན། ལྟ་གྲུབ་ཀྱི་ཆ་ནས་ཆོས་ལུགས་ཕན་ཚུན་མི་འདྲ་བ་ཡོད་ཀྱང་ཆོས་ལུགས་དེ་དག་ཚང་མའི་ནང་བྱམས་བརྩེ་དང་བཟོད་བསྲན་གྱི་བསླབ་བྱ་ཡོད་པ་གཅིག་མཚུངས་ཡིན་ཞེས་བཀའ་སྩལ། དེ་རྗེས་ཆོས་འབྲེལ་དངོས་གཞིའི་སྐབས་མི་ཚེ་དོན་དང་ལྡན་པ་ཞིག་ཇི་ལྟར་ཡོང་ཐུབ་མིན་སོགས་ཀྱི་ཐོག་བཀའ་སློབ་སྩལ་དོན། མི་ཚེ་བདེ་སྐྱིད་ལྡན་པ་ཞིག་དང་སྤྱི་ཚོགས་ནང་ཞི་བདེ་ཡོང་བར་ང་ཚོས་བློ་སྦྱོང་བའི་ཐོག་ནས་ནང་སེམས་ཀྱི་གནས་སྟངས་ཐོག་དོ་སྣང་ནན་པོ་ཞིག་བྱེད་དགོས། ང་ཚོའི་སེམས་ཁྲལ་དང་དངངས་འཚབ་ཚང་མ་དོན་དམ་པའི་དངོས་པོའི་གནས་སྟངས་ལ་རྨོངས་པའི་དབང་གིས་ཡོང་བ་ཞིག་རེད་ཅེས་བཀའ་སློབ་ཕེབས་ཡོད།
ཉིན་གུང་ལྗགས་སྨིན་སྐབས་ཨོ་སི་ཊོ་ལི་ཡའི་ནང་ཡོད་པའི་བོད་རིགས་མི་གྲངས་ ༥༠༠ ཙམ་དང་དེ་བཞིན་སོག་རིགས་གྲངས་ ༡༠༠ ཙམ་ལ་ཆུ་ཚོད་ཕྱེད་ཀ་ཙམ་རིང་༸གོང་ས་མཆོག་གིས་བླང་དོར་བཀའ་སློབ་ཟབ་གསལ་སྩལ། སྐབས་དེར་མགོན་པོ་གང་ཉིད་མཆོག་གིས་ཤེས་ཡོན་གལ་ཆེའི་སྐོར་དང་། བོད་རིགས་གཞོན་སྐྱེས་ཚོར་ལག་ཤེས་སྦྱོང་རྒྱུ་དང་། ཁེ་ལས་པ་ཞིག་ཡོང་བ་བྱས་ནས་བོད་པའི་སྤྱི་ཚོགས་ཀྱི་ནུས་ཤུགས་གོང་མཐོར་གཏོང་རྒྱུའི་ཆེད་མཐོ་སློབ་ཏུ་འགྲོ་ཐུབ་པ་དགོས་པའི་སྐུལ་ལྕག་གཏོང་གནང་མཛད་རྗེས་ཆོས་ཞུ་བ་ཚོར་མགོན་པོ་གང་ཉིད་ཀྱིས་བྱིན་གྱི་རླབ་པའི་ཤིང་སྣའི་ས་བོན་བགོས་འགྲེམས་མཛད། སོན་འབྲུ་དེ་དག་ཨོ་སི་ཊོ་ལི་ཡའི་གདོད་མའི་སོན་འབྲུ་ཡིན་པ་བཅས་ཀྱི་གནས་བསྡུས་སུ།