༢༠༠༩ ཕྱི་ཟླ་ ༡༢ ཚེས་ ༡༤ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༠༩ ཟླ་ ༡༢ ཚེས་ ༩ ཉིན་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨོ་སི་ཊོ་ལི་ཡའི་ཊི་སི་མ་ནི་ཡའི་མངའ་སྡེ་ཧོ་བྷཊ་གྲོང་ཁྱེར་ནང་གི་མཛད་འཕྲིན་ཁག་གྲུབ་རྗེས་ཉིན་དེའི་ཕྱི་དྲོར་ཝིག་ཊོ་རི་ཡའི་མངའ་སྡེའི་གྲོང་ཁྱེར་མེལ་བོོན་དུ་ཆིབས་སྒྱུར་བསྐྱངས་ཡོད། དེ་ཉིན་༸གོང་ས་མཆོག་གི་བཞུགས་གནས་མགྲོན་ཁང་དུ་གྲོང་སྡེའི་སྤྱི་ཁྱབ་པ་རོ་བར་ཊི་ཌཝེལ་ (Robert Dwell) མཆོག་དང་མཇལ་འཕྲད་མཛད། དེ་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཝིག་ཊོ་རི་ཡའི་མངའ་སྡེའི་གྲོས་ཚོགས་སུ་ཆིབས་སྒྱུར་བསྐྱངས་ཏེ་གྲོས་ཚོགས་གོང་མའི་ཚོགས་གཙོས་དབུས་འཐུས་མི་གྲངས་ ༦༠ ཙམ་དང་མཇལ་འཕྲད་མཛད་སྐབས་ཚོགས་གཙོ་མཆོག་གིས་མགོན་པོ་གང་ཉིད་མཆོག་ལ་དགའ་བསུའི་ཕེབས་བསུ་དང་འཚམས་འདྲི་གཟབ་རྒྱས་ཞུས་ཡོད། དེ་རྗེས་༸གོང་ས་མཆོག་གིས་སྐར་མ་ ༣༠ ཙམ་གྱི་རིང་གྲོས་ཚོགས་འཐུས་མི་རྣམས་ལ་ཞི་བདེ་དང་། འཆམ་མཐུན། ཆོས་ལུགས་རིས་མེད་སོགས་ཀྱི་ཐོག་བཀའ་སློབ་སྩལ་ཡོད་པ་མ་ཟད། ༸གོང་ས་མཆོག་གིས་གྲོས་ཚོགས་འཐུས་མི་རྣམས་ལ་བོད་ནང་ཕེབས་ནས་རྒྱ་གཞུང་གི་ཆོས་དད་རང་དབང་དང་།
བོད་ནང་རྒྱ་ནག་གཞུང་གི་སྲིད་བྱུས་དེ་ཕྱི་གསལ་ནང་གསལ་ཐོག་ལག་བསྟར་བྱེད་ཀྱི་ཡོད་ཚུལ་བརྗོད་པ་དེ་དངོས་ཡོད་ཡིན་མིན་དཔྱད་ཞིབ་གནང་དགོས་པའི་འབོད་སྐུལ་ཡང་མཛད་ཡོད། དེ་བཞིན་བོད་ཀྱི་གནད་དོན་ཐོག་མུ་མཐུད་བཀའ་སློབ་སྩལ་དོན། བོད་མི་རྣམས་སྐྱབས་བཅོལ་བ་ཆགས་རྗེས་བཙན་བྱོལ་དུ་མང་གཙོའི་ལམ་བཟང་ཐོག་འགྲོ་རྒྱུར་དམ་
དོན་གནང་ཡོད་པ་མ་ཟད། ཕྱི་ལོ་ ༢༠༠༡ ནས་བཟུང་བཀའ་བློན་ཁྲི་པ་མང་ཚོགས་ནས་ཐད་ཀར་འོས་བསྡུའི་ལམ་ནས་འདེམས་རྒྱུའི་ལམ་སྲོལ་ཞིག་དབུ་བཙུགས་གནང་ཐུབ་རྗེས་ལོ་ངོ་ ༤༠༠ ལྷག་ཙམ་ནས་ཡོད་པའི་ཏཱ་ལའི་བླ་མའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་བྱེད་རྒྱུའི་ལམ་སྲོལ་དེ་མཇུག་སྒྲིལ་བ་ལྟ་བུ་ཞིག་རེད། ད་ཆ་ངོས་རང་ཕྱེད་རྒས་ཡོལ་གྱི་གནས་སྟངས་ཤིག་ཆགས་ཡོད། ངོས་རང་བྱིས་པའི་སྐབས་ནས་ཁྲིམས་ལུགས་དབང་ཚད་ལྡན་པའི་མང་གཙོའི་ལམ་ལུགས་ལ་ཡིད་མོས་ཆེན་པོ་ཡོད། དེ་མཚུངས་ཕྱི་ལོ་ ༡༩༥༢ ལོར་བོད་ནང་གཅིག་གྱུར་གྱི་ཚོགས་ཆུང་ཞིག་ཀྱང་བཙུགས་ཡོད། ངོས་རང་རྒྱུན་དུ་བོད་མིའི་འགོ་ཁྲིད་ཅིག་མིན་པར་རང་དབང་ཅན་གྱི་བོད་མིའི་མགྲིན་ཚབ་པ་ཞིག་ཡིན་བསམ་པ་དྲན་གྱི་ཡོད། བོད་མི་རྣམས་ཀྱིས་རྒྱ་ནག་གི་རྩ་ཁྲིམས་ནང་འཁོད་པ་བཞིན་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཞིག་རྩོད་པ་ལས་རྒྱ་ནག་དང་ཁ་བྲལ་གྱི་རང་བཙན་རྩོད་ཀྱི་མེད། འོན་ཀྱང་དཀའ་ངལ་གཙོ་བོ་དེ་རྒྱ་ནག་གཞུང་གིས་དེའི་ཐོག་ལག་བསྟར་བྱེད་ཀྱི་མེད། རྒྱ་ནག་གི་ཁྲིམས་དེ་དམར་ཤོག་ཚོགས་པའི་འོག་ཡོད་པ་བཞིན་ཆོས་ལུགས་ཀྱང་དམར་ཤོག་ཚོགས་པའི་འོག་ལ་གནས་ཡོད། ངོས་ཀྱིས་ཉེ་ལམ་ (Far Eastern Econony Review) ཞེས་པའི་དུས་དེབ་དེའི་དཔྱད་རྩོམ་ཞིག་གི་ནང་རྒྱ་ནག་གི་དམག་མི་དེ་རྒྱལ་ཁབ་ཀྱི་དམག་མི་མིན་པར་ཚོགས་པ་ཞིག་གི་དམག་མི་ཡིན་པའི་འགྲེལ་བརྗོད་བྱས་ཡོད་པ་མཐོང་བྱུང་། དཀའ་ངལ་གཙོ་བོ་དེ་རེད། རྒྱལ་སྤྱིའི་སྡིངས་ཆའི་ཐོག་རྒྱ་ནག་གི་འགན་ཆེན་པོ་ཞིག་ལེན་དགོས་ཀྱི་ཡོད། དེ་ལྟར་ཡོང་བར་ཐོག་མར་རྒྱལ་སྤྱིའི་ནང་རྒྱ་ནག་ལ་ཡིད་ཆེས་ཤིག་སླེབས་ཐུབ་པ་དགོས། ཡིད་ཆེས་དེ་ཡོང་བར་རྒྱ་གཞུང་གིས་གནས་ཚུལ་དམ་བསྒྲགས་དང་། འཁྱོག་བཤད་ཀྱི་དྲིལ་བསྒྲགས་བྱེད་རྒྱུའི་ལས་དོན་དེ་རིགས་མཚམས་འཇོག་བྱེད་དགོས་པ་མ་ཟད་ཕྱི་གསལ་ནང་གསལ་དགོས་པའི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཐུབ་པ་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཞིག་ཆགས་ཡོད། སྲིད་འཛིན་ཧུ་ཅིན་ཐའོས་སྤྱི་ཚོགས་འཆམ་མཐུན་གྱི་ལྟ་གྲུབ་དེར་ངོས་ནས་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་ཀྱི་ཡོད། འོན་ཀྱང་འཆམ་མཐུན་གྱི་གཞི་རྩ་དེ་ཡིད་ཆེས་རེད། རྒྱ་གཞུང་གིས་དམག་མི་འོར་འདྲེན་དང་མེ་མདའ་བེད་སྤྱོད་བྱས་པ་དེས་ཞེད་སྣང་བསྐྲུན་གྱི་ཡོད། ཞེད་སྣང་ནི་ཡིད་ཆེས་ཀྱི་ལྡོག་ཕྱོགས་ཤིག་རེད། དེར་བརྟེན་ངོས་ཀྱིས་རྒྱ་གཞུང་དང་དངོས་ཡོད་ཀྱི་གནས་ཚུལ་རྟོག་ཞིབ་བྱེད་དགོས་པའི་འབོད་སྐུལ་བྱེད་ཀྱི་ཡོད། ཁྱེད་རྣམ་གྲོས་ཚོགས་ཀྱི་འཐུས་མི་ཡིན་པ་དང་ལྷག་པར་དུ་རྒྱ་ནག་གི་གྲོགས་པོ་ཡིན་པར་བརྟེན་རྒྱ་ནག་ལ་དེ་མཚུངས་གསུངས་རོགས་གནང་། གང་ཡིན་ཟེར་ན་དེ་ནི་དངོས་ཡོད་གནས་ཚུལ་རེད་ཅེས་སོགས་ཀྱི་བཀའ་སློབ་སྩལ་ཡོད།
སྐབས་དེར་ཝིག་ཊོ་རི་ཡའི་མངའ་སྡེའི་སྲིད་བློན་མཆོག་མཉམ་ཞུགས་གནང་ཐུབ་མེད་པར་ཁོང་ནས་ད་རེས་༸གོང་ས་མཆོག་དང་མཇལ་འཕྲད་མ་ཐུབ་པ་དེ་ལས་བྲེལ་གྱིས་རྐྱེན་པས་ཡིན་པ་ལས་རྒྱ་གཞུང་དང་འབྲེལ་ལམ་ཐད་བར་ཆད་མི་ཡོང་བའི་ཆེད་དུ་མིན་ཚུལ་བརྗོད་ཡོད། དེ་བཞིན་སྲིད་བློན་མཆོག་གིས་དེ་སྔོན་༸གོང་ས་མཆོག་དང་ཐེངས་གསུམ་ཙམ་མཇལ་འཕྲད་བྱུང་ཡོད་པ་མ་ཟད་༸གོང་ས་མཆོག་ཨོ་སི་ཊོ་ལི་ཡར་ཐེངས་དང་པོའི་ཆིབས་སྒྱུར་སྐབས་སྲིད་བློན་མཆོག་དང་མཇལ་འཕྲད་བྱུང་ཡོད་པ་དང་། སྐབས་དེར་སྲིད་བློན་མཆོག་མངའ་སྡེའི་གྲོས་ཚོགས་ཀྱི་ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་ཡིན་ཚུལ་གསུངས་ཡོད། དེ་ཡང་གསར་འགོད་པ་ཚོས་༸གོང་ས་མཆོག་ལ་སྲིད་དོན་མི་སྣ་ཚོས་མཇལ་འཕྲད་མི་ཞུ་བའི་ཐོག་དགོངས་ཚུལ་ཇི་ཡོད་ཀྱི་དྲི་བ་ཕུལ་བར་མགོན་པོ་གང་ཉིད་མཆོག་གིས་ད་རེས་ཨོ་སི་ཊོ་ལི་ཡའི་ཆིབས་སྒྱུར་དེ་ཆབ་སྲིད་དང་འབྲེལ་བ་མེད་སྟབས་སྲིད་དོན་མི་སྣ་ཚོ་དང་མཇལ་འཕྲད་གནང་རྒྱུ་དེ་མཛད་འགན་གཙོ་བོ་ཞིག་མིན་པར་མཛད་ཁུར་གཙོ་བོ་དེ་ཨོ་སི་ཊོ་ལི་ཡའི་མི་མང་དང་ཐུག་འཕྲད་བྱེད་རྒྱུ་དེ་ཡིན་པར་ངོས་འཛིན་མཛད་བཞིན་ཡོད་སྐོར་བཀའ་ལན་ཕེབས་ཡོད།
སྐབས་དེར་༸གོང་ས་མཆོག་དང་མངའ་སྡེའི་གྲོས་ཚོགས་ཀྱི་ཕྱོགས་འགལ་ཚོགས་པའི་དབུ་ཁྲིད་རྣམ་གཉིས་མཇལ་འཕྲད་མཛད་ཡོད། ཝིག་ཊོ་རི་ཡའི་མངའ་སྡེའི་གྲོས་ཚོགས་ནང་འཐུས་མི་ ༡༢༨ ཡོད་པ་དང་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆུང་དེ་ཕྱི་ལོ་ ༢༠༠༢ ལོར་བཙུགས་པ་རེད། དེ་བཞིན་གྲོང་ཁྱེར་མེལ་བོན་ནང་འཛམ་གླིང་ཆོས་ལུགས་མི་འདྲ་བ་ ༢༢༨ ཙམ་གྱི་རྗེས་འབྲང་པ་ ༥༠༠ ཙམ་ལྷན་ཞུགས་གནང་བའི་རྒྱལ་སྤྱིའི་ཆོས་ལུགས་ལྷན་ཚོགས་ཀྱི་ཚོགས་འདུའི་མཇུག་བསྡོམས་སྐབས་མགོན་པོ་གང་ཉིད་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་ཆིབས་སྒྱུར་བསྐྱངས་གནང་མཛད། སྐབས་དེར་མགོན་པོ་གང་ཉིད་མཆོག་གིས་བཀའ་སློབ་ཕེབས་དོན། ད་རེས་རྒྱལ་སྤྱིའི་ཆོས་ལུགས་ཀྱི་ཚོགས་འདུ་འདི་ནི་དུས་དྲན་གྱི་མཛད་སྒོ་ཙམ་ཞིག་མིན་པར་ཚོགས་འདུའི་སྐབས་བཀའ་མོལ་བྱུང་བའི་བྱམས་པ་དང་། བརྩེ་བ་ལ་སོགས་པའི་བསྒྲུབ་བྱའི་དམིགས་ཡུལ་དེ་དག་ཕན་ཚུན་སེམས་ཐག་ཉེ་པོའི་ཐོག་ནས་རྨི་ལམ་དེ་དག་དངོས་སུ་བསྐྲུན་ཐུབ་པ་ཞིག་བྱེད་དགོས་པའི་བཀའ་སློབ་སྩལ་ཡོད་པ་མ་ཟད། ཆོས་ལུགས་ལ་གཙིགས་ཆེ་མི་འཛིན་པའི་ཆོས་ལུགས་རིས་མེད་ཅིག་མིན་པར་ཆོས་ལུགས་རྗེས་འབྲང་པ་ཚང་མ་དང་།ཆོས་ཁས་མི་ལེན་མཁན་ཚོ་ལའང་བརྩི་བཀུར་ཞུ་ཐུབ་པ་ཞིག་དགོས་སྐོར་བཀའ་སྩལ། དེ་བཞིན་༸གོང་ས་མཆོག་གིས་ཆོས་ལུགས་སོ་སོའི་ཡིད་ཆེས་བྱེད་ཚུལ་མི་འདྲ་ནའང་རྩ་བའི་བྱམས་པ་དང་། བརྩེ་བའི་ཉམས་ལེན་གྱི་སྙིང་པོ་དེ་དག་ཆོས་ལུགས་ཚང་མའི་ནང་ཡོད་པ་གཅིག་མཚུངས་ཡིན་སྐོར་སོགས་ཀྱི་བཀའ་སློབ་སྩལ་ཡོད། ཡང་མགོན་པོ་གང་ཉིད་མཆོག་གིས་རྒྱལ་སྤྱིའི་དཔལ་འབྱོར་དེ་ཕུགས་རྒྱང་མེད་པའི་ལྟ་ཚུལ་ཞིག་དང་། འདོད་རྔམ་གིས་ཟིན་པས་དབང་གིས་རྒྱལ་ཁབ་ཀྱི་གནད་དོན་དེ་རྒྱལ་སྤྱིའི་གནད་དོན་ལས་རྩ་ཆེ་བ་ཞིག་འཛིན་གྱི་ཡོད་ཚུལ་དང་དེར་བརྟེན་ཁོར་ཡུག་གི་གནད་དོན་ལ་དོ་ཕོག་ཡོང་གི་ཡོད་སྐོར་སོགས་བཀའ་སྩལ། དེ་བཞིན་མགོན་པོ་གང་ཉིད་མཆོག་གིས་ས་གནས་འགའ་ཤས་ལ་དཔལ་འབྱོར་གྱི་གནས་སྟངས་ཡར་རྒྱས་ཆེ་བ་ཡོད་ནའང་རང་ཤི་རྒྱག་མཁན་ཇེ་མང་དུ་འགྲོ་གི་ཡོད་པ་དེ་བཟང་སྤྱོད་ཀྱི་མ་འདང་པ་ཡིན་སྐོར་དང་། དེ་བཞིན་ང་ཚོའི་ནང་གི་ཀླད་པ་དང་འབྲེལ་བའི་བྱམས་བརྩེའི་བསམ་པ་དང་། གཞན་ལ་སེམས་ཚོར། སྤྱི་ཚོགས་ཀྱི་བསམ་བློ་དེ་དག་མེད་ན་འགྲོ་བ་མི་ལ་འཕྲད་བཞིན་པའི་དཀའ་ངལ་དེ་དག་སེལ་མི་ཐུབ་པ་ཞིག་ཡིན་སྐོར་བཀའ་སྩལ།
དེ་རྗེས་མགོན་པོ་གང་ཉིད་མཆོག་གྲོས་ཚོགས་ཀྱི་ཚོགས་ཁང་གཞན་ཞིག་ཏུ་ཆིབས་སྒྱུར་བསྐྱངས་ནས་ཕྱི་ལོ་ ༢༠༠༩ ཟླ་ ༢ ནང་གྲོང་ཁྱེར་མེ་རི་སི་བེ་ལེ་ཞེས་པའི་ནགས་ཚལ་ལ་མེ་ཤོར་ནས་མི་གྲངས་ ༡༨༦ ཙམ་འདས་གྲོངས་སུ་གྱུར་བའི་རྗེས་ཤུལ་ནང་མི་སྤུན་མཆེད་ཚོ་ལ་མཇལ་ཁ་སྩལ་ཡོད་པ་བཅས་ཀྱི་གནས་བསྡུས་སུ། །