༢༠༠༩ ཕྱི་ཟླ་ ༡༢ ཚེས་ ༡༩ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༠༩ ཟླ་ ༡༢ ཚེས་ ༡༧ ཉིན་རྒྱ་གར་བྱང་ཕྱོགས་ཨུ་ཏར་པར་ཌེ་ཤི་མངའ་སྡེའི་རྒྱལ་ས་ལཀ་ནཱའོ་ (Lucknow) ཁུལ་དུ་སན་ཇེ་གྷན་ཌིའི་སྨན་ལས་ཚན་རིག་བསྟི་གནས་ཁང་གི་ (Shruti Auditorium) ཞེས་པའི་ཚོགས་ཁང་ཆེན་མོའི་ནང་རྒྱ་གར་ཀླད་ཁམས་རིག་པའི་རྒྱལ་ཡོངས་ལོ་འཁོར་ཚོགས་ཆེན་ཐེངས་ ༥༨ པའི་ཐོག་༸གོང་ས་མཆོག་ལ་ཇི་ལྟར་གདན་ཞུའི་གསོལ་འདེབས་ཞུས་དོན་ལྟར་ས་གནས་དེའི་གནམ་ཐང་དུ་སྔ་དྲོ་ཚོད་ ༡༠།༥༠ ཐོག་༸གོང་ས་མཆོག་སྟོན་འཁོར་དང་བཅས་ལ་ས་གནས་ཉེན་རྟོག་དཔོན་དང་གནད་ཡོད་མི་སྣ། ས་གནས་བོད་རིགས་སུད་ཚོང་བ་སོགས་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཏེ་༸ཞབས་སོར་བཀའ་དྲིན་ཆེ་བ་འཁོད་ཡོད། ས་གནས་བོད་རིགས་ཚོགས་པ་ཁག་ནས་ཕེབས་བསུའི་ཆེད་དམིགས་བསལ་སྒོ་ཆེན་ཁག་གཉིས་བཟོས་ཏེ་དགའ་དད་སྤྲོ་གསུམ་ངང་ནས་ལག་ཏུ་དྲི་བཟང་སྤོས་དང་དཀར་གཙང་མཇལ་དར་ཐོགས་ཏེ་ཕེབས་བསུར་བཅར་ཡོད།རྒྱལ་ཡོངས་ལོ་འཁོར་ཚོགས་ཆེན་དེར་རྒྱལ་ཁབ་འདྲ་མིན་ཁག་ནས་ཀླད་ཁམས་ཚན་རིག་པ་དང་། སྨན་པ། ཉམས་ཞིབ་པ་བཅས་ཁྱོན་མི་གྲངས་ ༧༠༠ ཙམ་ལྷན་ཞུགས་གནང་ཡོད། སྐབས་དེར་མགོན་པོ་གང་ཉིད་མཆོག་གིས། ཀླད་པའི་ཚན་རིག་དང་གནའ་རབས་རྒྱ་གར་གྱི་ནང་ཆོས་ཀྱི་ལྟ་གྲུབ། ཅེས་པའི་བརྗོད་གཞིའི་ཐོག་ནང་ཆོས་ལ་གཞི་བཅོལ་བའི་ཐུགས་ཀྱི་མྱོང་ཚོར་དང་དགོངས་གཞིའི་སྐོར་ལ་བཀའ་སློབ་སྩལ་དོན། ང་ཚོས་རྒྱ་གར་ནང་རྟེན་གཞི་བྱས་པའི་བོད་ཀྱི་དགོན་སྡེ་ཁག་གི་ནང་སྲོལ་རྒྱུན་གྱི་སློབ་ཚན་དེའི་ཐོག་ཚན་རིག་གི་སློབ་ཚན་དེ་འཇོག་འདོད་ཡོད། ང་ཚོས་སློབ་ཕྲུག་འདེམས་སྒྲུག་བྱས་ནས་ཨ་རིའི་ཨེ་ཊ་ལེན་ཊེའི་མངའ་སྡེའི་མཐོ་སློབ་ནང་ལོ་ལྔའི་རིང་ཚན་རིག་སློབ་སབྱོང་བྱེད་རྒྱུའི་ལས་གཞི་དེ་འགོ་བཙུགས་ཟིན་ཡོད་ཅེས་བཀའ་སྩལ་བ་དང་། དེ་བཞིན་སྒོམ་སྒྲུབ་ཀྱི་ནུས་པ་དང་དེའི་ཐོག་དེང་དུས་ཚན་རིག་གིས་ཉམས་ཞིབ་དགོས་སྐོར་བཀའ་སྩལ་དོན། ཉེ་ལམ་ང་ཚོས་ཨ་རིའི་ནང་ཚན་རིག་པ་ཁག་གཅིག་དང་ལྷན་སྒོམ་རྒྱག་མཁན་འགའ་ཤས་ལུས་ཀྱི་འབྱུང་བའི་གནས་སྟངས་ཐོག་ཉམས་ཞིབ་བྱས་ཡོད། སྒོམ་བརྒྱབ་ནས་བདུན་ཕྲག་གསུམ་ཙམ་གྱི་རྗེས་ཁོང་ཚོའི་ཁྲག་གི་ཤུགས་ཚད་དེ་མར་ཆག་ནས་སེམས་ལྷོད་ལ་བབས་པའི་ཐོག་རིག་པ་གསལ་པོ་ཆགས་ཏེ་སེམས་ཁྲལ་ཡང་ཉུང་དུ་འགྲོ་གི་ཡོད་པ་ཤེས་རྟོགས་བྱུང་ཡོད་ཅེས་བཀའ་སྩལ་ཡོད། ཡང་༸གོང་ས་མཆོག་གིས་ཀླད་པའི་ཐོག་ལ་བཀའ་སློབ་སྩལ་དོན། ང་ཚོས་ཀླད་པའི་གནས་ཚུལ་མ་ཤེས་པ་ད་དུང་མང་པོ་ཞིག་ཡོད།ཀླད་པར་བསྒྱུར་བ་གཏོང་བར་སྒོམ་རྒྱག་རྒྱུ་དེ་གལ་ཆེན་པོ་ཡིན། ལུས་སེམས་ཀྱི་བདེ་ཐང་དང་སྤྱི་ཚོགས་བདེ་ཐང་ཡོང་བར་བྱམས་པ་དང་། བརྩེ་བ་སོགས་གལ་ཆེན་པོ་ཡིན་པ་ཚན་རིག་ཐོག་ནས་བསྒྲུབ་ཐུབ་པ་ཞིག་དགོས། དེང་དུས་ཤེས་ཡོན་གྱིས་ཀླད་པ་ཙམ་ལས་སེམས་ཀྱི་རྣམ་གཞག་ཐོག་དེ་ཙམ་ཐེ་བྱུས་བྱེད་ཀྱི་མེད། སེམས་དང་འབྲེལ་བའི་མིའི་བཟང་སྤྱོད་གོང་འཕེལ་ཡོང་བར་འབད་བརྩོན་བྱེད་དགོས། སྔ་མོ་ཡིན་ན་ཆོས་དེ་ཚན་རིག་དང་འབྲེལ་བ་མེད། ད་ཆ་སེམས་ཀྱི་གནས་སྟངས་དེ་ཧ་ཅང་གལ་ཆེ་ཞིག་ཡིན་པ་ཤེས་རྟོགས་ཐུབ་ཡོད།
ཤེས་པའི་གནས་སྟངས་ཐོག་ད་དུང་ཚན་རིག་གི་ཉམས་ཞིབ་བྱེད་དགོས་པ་ཞིག་རེད། ང་ཚོས་བོད་པའི་དགོན་སྡེ་ཁག་གི་ནང་སྨན་པ་ཚོས་ཤི་ཚར་བར་ངོས་འཛིན་བྱས་པའི་མིའི་ཕུང་པོ་དེ་འདྲ་ཉིན་མང་པོའི་རིང་ལུས་ཀྱི་མདངས་དེ་གསོན་པོ་བཞིན་གནས་ཐུབ་ཀྱི་ཡོད་པའི་གནས་ཚུལ་དེ་འདྲ་མང་པོ་ཞིག་མཐོང་བཞིན་ཡོད། དེ་དང་འབྲེལ་ཡོད་ཀྱི་གནས་ཚུལ་བྱུང་བ་གཅིག་ནི་དགེ་འདུན་པ་ཞིག་ཀླད་པའི་གནས་སྟངས་ཐོག་འཆི་ཚར་བར་ (brain dead) སྨན་པས་ངོས་འཛིན་བྱས་པ་དེ་ཉིན་གྲངས་བཅུའི་རྗེས་གསོན་པོར་གྱུར་ཡོད། དོན་རྐྱེན་དེ་དག་ལ་ཉམས་ཞིབ་ད་དུང་བྱེད་དགོས་པ་ཞིག་ཆགས་ཡོད། ཉམས་ཞིབ་བྱེད་སྐབས་ང་ཚོའི་རྒྱུ་མཚན་དང་ཉམས་ཞིབ་ཐོག་གང་རྙེད་སོན་བྱུང་བ་དེར་རྩ་འཛིན་བྱེད་དགོས་པ་རེད་ཅེས་བཀའ་སློབ་སྩལ།དེ་བཞིན་མགོན་པོ་གང་ཉིད་མཆོག་གིས་རྒྱ་གར་སྲོལ་རྒྱུན་དང་འབྲེལ་བའི་ཐོག་བཀའ་སློབ་ཕེབས་དོན། རྒྱ་གར་ནི་བོད་ཀྱི་དགེ་རྒན་དང་བོད་དེ་རྒྱ་གར་གྱི་དགེ་ཕྲུག་ཡིན། རྒྱ་གར་གྱི་གནའ་བོའི་སྲོལ་རྒྱུན་ནང་ཡོད་པའི་འཚེ་མེད་ཞི་བའི་ལྟ་གྲུབ་དེར་ངོས་ཀྱིས་བསྔགས་བརྗོད་བྱེད་ཀྱི་ཡོད། ངོས་རང་རྒྱ་གར་གྱི་སློབ་དཔོན་ཚོའི་དྲུང་ནས་འཚེ་མེད་ཞི་བ་དང་། ཆོས་ལུགས་མཐུན་སྒྲིལ་ཐོག་སབྱང་པ་བྱས་པ་དེ་དག་གཞན་ལ་སྤེལ་ཐབས་བྱེད་པའི་བརྡ་ལན་སྤྲོད་མཁན་ཞིག་ཡིན། སེམས་ཁམས་རིག་པ་དང་ཀླད་ཁམས་ཚན་རིག་དེ་དག་ད་ལྟའི་ཆར་བོད་ཀྱི་དགོན་སྡེ་ཁག་ནང་སློབ་གཉེར་གནང་བཞིན་ཡོད་ཅེས་སོགས་ཀྱི་བཀའ་སློབ་སྩལ། དེ་བཞིན་དབྱིན་ཡུལ་གྱི་སྐྱེ་དངོས་ཚན་རིག་པ་སྙན་གྲགས་ཅན་ཌར་ཝིན་གྱི་དངོས་ཡོད་གནས་སྟངས་ (Darwinian Reality) ཟེར་བའི་སྐྱེ་དངོས་རིག་པའི་སློབ་ཚན་དང་འབྲེལ་བའི་ཐོག་བཀའ་སློབ་སྩལ་བ་དང་སྦྲགས། མགོན་པོ་གང་ཉིད་མཆོག་སློབ་ཚན་དེར་ཐུགས་གནང་ཡོད་སྟབས་ཌརཝིན་གྱི་དཔེ་དེབ་ཀྱང་ལྗགས་ཀློག་མཛད་ཀྱི་ཡོད་སྐོར་བཀའ་སློབ་ཕེབས་ཡོད་པ་མ་ཟད། མི་ཚེ་བདེ་སྐྱིད་ལྡན་པ་ཞིག་ཡོང་བར་སེམས་དེ་འདུལ་ཐབས་ཇི་འདྲ་ཡིན་མིན་གྱི་ལམ་སྟོན་མཛད་ཡོད་པའི་ནང་སངས་རྒྱས་ཤཱཀྱ་ཐུབ་པ་རང་ཉིད་ཀྱང་ཚན་རིག་པ་ཞིག་ཆགས་ཡོད། སེམས་ལ་གཟུགས་མེད། སེམས་དེ་གཟུགས་ཀྱི་ཕུང་པོ་ལས་འདས་པ་ཞིག་ཡིན་ནའང་དངོས་པོའི་གནས་ཚུལ་ཆ་ཚང་ཐོག་དབང་སྒྱུར་བྱེད་མཁན་ཞིག་ཡིན་ཞེས་བཀའ་སྩལ། རྒྱལ་ཡོངས་ཚོགས་འདུ་དེ་གོ་སྒྲིག་གནང་མཁན་རྒྱ་གར་རྒྱལ་ཡོངས་ཀླད་ཁམས་ཚན་རིག་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་རཇ་ཀུ་མར་ (Raj Kumar) ལགས་ཀྱིས་གསུང་དོན། ༸གོང་ས་མཆོག་གི་མིའི་ཀླད་ཁམས་དང་འབྲེལ་བའི་བསམ་བློ་དེར་འགྱུར་བ་གཏོང་དགོས་པ་བཀའ་སློབ་སྩལ་ཡོད། བྱས་ཙང་འདིར་ཀླད་པ་དང་བསམ་བློ་ཞེས་ཐ་དད་གཉིས་ཆགས་ཡོད་པ་བཀའ་གནང་གྱི་ཡོད་ཅེས་བརྗོད་ཡོད། ཕྱེད་ཡོལ་ཚོད་ ༡༢།༣༠ ཐོག་༸གོང་ས་མཆོག་ནས་བོད་རིགས་སུད་ཚོང་བ་ ༡༥༠ ལྷག་ཙམ་ལ་མཇལ་ཁ་དང་བོད་མི་ཚོས་ཀུན་སྤྱོད་ཡག་པོ་འཁྱེར་དགོས་པ་དང་དེའི་ཐད་དོ་སྣང་བྱེད་དགོས་སྐོར་གྱི་བཀའ་སློབ་ཕེབས་ཡོད། ད་དུང་མགོན་པོ་གང་ཉིད་མཆོག་གིས་གཞོན་སྐྱེས་ཚོས་ཤེས་ཡོན་ཐད་ཤུགས་སྣོན་རྒྱག་དགོས་སོགས་ཀྱི་བཀའ་སློབ་དུས་ཡུན་སྐར་མ་ ༤༥ ཙམ་ཕེབས་ཡོད། ཚོགས་ཆེན་གྲུབ་མཚམས་༸གོང་ས་མཆོག་རྒྱ་གར་ལྷོ་ཕྱོགས་ཨན་ལྡ་རའི་མངའ་སྡེའི་རྒྱལ་ས་ཧེ་དྷར་བྷ་ཌེ་རུ་ (Hyderabad) ཆིབས་ཞལ་བསྒྱུར།