༢༠༠༩ ཕྱི་ཟླ་ ༡༢ ཚེས་ ༡༧ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༠༩ ཟླ་ ༡༢ ཚེས་ ༡༠ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨོ་སི་ཊོ་ལི་ཡ་དང་ནིའུ་ཛི་ལན་ཌིའི་མཛད་འཕྲིན་གྱི་ཉིན་མཐའ་མར་ཨོ་སི་ཊོ་ལི་ཡའི་བོད་རིགས་ལྷན་ཚོགས་དང་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་ཐུན་མོང་ནས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་དང་། ༸གོང་ས་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་ཕུལ་ནས་ལོ་ ༢༠ འཁོར་བའི་དུས་དྲན་ཉིན་མོ་དང་སྟབས་བསྟུན་མཛད་སྒོ་ཞིག་གོ་སྒྲིག་ཞུས་ཡོད་པ་དེར་མགོན་པོ་གང་ཉིད་མཆོག་ལ་གདན་ཞུའི་གསོལ་འདེབས་ཞུས་དོན་ལྟར་༸ཞབས་སོར་འཁོད་སྐབས་ཨོ་སི་ཊོ་ལི་ཡའི་གདོད་མའི་མི་རིགས་ཀྱི་གྲགས་ཅན་མཁས་དབང་ལ་རི་ས་མཆོག་ Larissa Behrendt གིས་གདོད་མའི་མི་རིགས་ཀྱི་སྲོལ་རྒྱུན་ལམ་ནས་ཕེབས་བསུའི་འཚམས་འདྲི་ཞུས་པ་དང་ཆབས་ཅིག་ཁོང་གིས་ཨོ་སི་ཊོ་ལི་ཡའི་གདོད་མའི་མི་རིགས་ཀྱི་ད་ལྟའི་གནས་སྟངས་དང་། དེ་བཞིན་ཁོང་ཚོར་་བརྗོད་རང་དབང་མེད་པ། ཟུར་ཕུད་བྱེད་པ། སྲུང་སྐྱོབ་མེད་པ། དབུལ་ཕོངས་ཀྱི་དཀའ་ངལ་ལས་གྲོལ་རྒྱུའི་སྤྱི་ཡོངས་ཀྱི་ཐོབ་ཐང་དང་བྲལ་བ་ཞིག་ཡིན་པ་མ་ཟད། ཚོགས་འདུའི་སྐབས་ཀྱི་གླེང་གཞིའི་དོན་གནད་གཙོ་བོ་རྣམས་ནི་དྲང་བདེན་གལ་ཆེ་བ་དང་། འགྲོ་བ་མིའི་ཐོབ་ཐང་ལ་གུས་བཀུར་ཞུ་རྒྱུ། རྩོད་རྙོག་སེལ་རྒྱུའི་ཐབས་ལམ་ཇི་འདྲ་ཡིན་མིན་སོགས་ཀྱི་སྐོར་ལ་གཏམ་བཤད་གནང་ཡོད། ༸གོང་ས་མཆོག་གིས་ཁོང་རྣམས་དང་ལྷན་འཛམ་གླིང་ནང་གི་གདོད་མའི་མི་རིགས་ཀྱི་གནས་སྟངས་ཐོག་ཆུ་ཚོད་ཕྱེད་ཀའི་རིང་བགྲོ་གླེང་མཛད་སྐབས། མགོན་པོ་གང་ཉིད་མཆོག་གིས་ཨོ་སི་ཊོ་ལི་ཡའི་གདོད་མའི་མི་རིགས་ཚོའི་གནས་སྟངས་ཐོག་ཐུགས་ཕམ་ཡོད་སྐོར་དང་། དེ་བཞིན་འདས་པའི་དུས་རབས་ནང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་གནས་སྟངས་དེར་ཧ་ཅང་ཡར་རྒྱས་བྱུང་ཡོད་ཅེས་བཀའ་སློབ་སྩལ་ཡོད། ཕྱོགས་མཚུངས་གྲངས་ཉུང་མི་རིགས་དང་གདོད་མའི་མི་རིགས་ཚོར་སོ་སོའི་ངོ་བོ་དང་། རིག་གཞུང་བདག་ཉར་བྱེད་དགོས་པའི་འབོད་སྐུལ་ཡང་མཛད་ཡོད་པ་མ་ཟད། དྲང་བདེན་བརྒྱུད་ཞི་བདེ། ཞེས་པའི་བརྗོད་གཞིའི་ཐོག་ལའང་བཀའ་སློབ་སྩལ་ཡོད། གཞན་ཡང་ཨོ་སི་ཊོ་ལི་ཡའི་རྒྱ་བོད་མཛའ་འབྲེལ་ཚོགས་པའི་གོ་སྒྲིག་འོག་མགོན་པོ་གང་ཉིད་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་ཕུལ་ནས་ལོ་ཉི་ཤུ་འཁོར་བའི་རྟེན་འབྲེལ་གྱི་མཛད་སྒོ་གཟབ་རྒྱས་ཤིག་ཚོགས་ཡོད་པ་དེར་བོད་རིགས་དང་རྒྱ་རིགས་མི་གྲངས་ ༥༠༠ ལྷག་ཙམ་ནས་མཉམ་ཞུགས་ཐོག་གཏམ་བཤད་གནང་བ་དང་རིག་གཞུང་འཁྲབ་སྟོན་སོགས་ཀྱང་གཟིགས་འབུལ་ཞུས་ཡོད་པ་རེད། དེ་བཞིན་༸གོང་ས་མཆོག་གིས་གནད་ཡོད་མི་སྣ་ཁག་དང་མཇལ་འཕྲད་མཛད་ཡོད་པ་མ་ཟད། མགོན་པོ་གང་ཉིད་ཀྱིས་ཨོ་སི་ཊོ་ལི་ཡའི་མཛད་འཕྲིན་གྱི་ཉིན་མཐའ་མར་མི་མང་སྟོང་ཕྲག་བརྒལ་བ་རྣམས་ལ་འཛམ་གླིང་གི་ཞི་བདེ་དང་དེའི་འགན་སུ་ལ་ཡོད་ཅེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་ཡོད་པ་བཅས་སོ།