༢༠༠༩ ཕྱི་ཟླ་ ༡༢ ཚེས་ ༢༡ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༠༩ ཟླ་ ༡༢ ཚེས་ ༢༠ ཉིན་༸གོང་ས་མཆོག་གིས་རྒྱ་གར་ལྷོ་ཕྱོགས་གུལ་བར་གྷར་ (Gulbarga) ཉིན་གྲངས་གཉིས་རིང་ས་གནས་ཡུལ་མི་ནང་པ་རྣམས་ལ་ཆོས་འབྲེལ་དབུ་འཛུགས་སྐྱོང་བཞིན་པ་ལྟར་གོང་ཚེས་ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩ ནས་ ༡༢ བར་མི་གྲངས་ ༥༠༠༠ ཙམ་ལ་བདེན་པ་བཞི་དང་། འཕགས་ལམ་ཡན་ལག་
བརྒྱད། རྟེན་ཅིང་འབྲེལ་བར་བྱུང་བ་བཅས་ཀྱི་སྐོར་ལ་ཆོས་འབྲེལ་དང་བཀའ་སློབ་སྩལ་ཡོད། དེ་ཡང་འཕགས་ལམ་ཡན་ལག་བརྒྱད་དང་འབྲེལ་ནས་བཀའ་སློབ་སྩལ་དོན། ང་ཚོས་ཆོག་ཤེས་བྱེད་དགོས་ཞེས་བརྗོད་པ་དེ་ནི་རང་གི་འཚོ་བ་མཐའ་གཉིས་སུ་མ་ལྷུང་བ་དང་ཚད་ལྡན་པ་ཞིག་སྐྱེལ་དགོས་པ་ཤོད་ཀྱི་ཡོད། གང་ཡིན་ཟེར་ན། ཆོག་ཤེས་མ་བྱས་ཚེ་ང་ཚོའི་འདོད་པ་ལ་མཐའ་མེད་པ་ཡིན་དུས་འདོད་པ་ག་ཚོད་འཕེལ་བ་ཙམ་གྱིས་ང་ཚོའི་བློ་ལ་བདེ་བ་ནམ་ཡང་བསྐྲུན་མི་ཐུབ་པ་དང་སེམས་ལ་ཞི་བདེ་ཡོང་མི་ཐུབ། དེར་བརྟེན་ང་ཚོས་ཆོག་ཤེས་བྱེད་རྒྱུ་གལ་ཆེན་པོ་ཡིན། ཞེས་བཀའ་སློབ་ཕེབས་ཡོད། ཡང་༸གོང་ས་མཆོག་གིས་འཕགས་ལམ་ཡན་ལག་བརྒྱད་དང་བདེན་པ་བཞིའི་སྐོར་ལ་ངོ་སྤྲོད་མཛད་རྗེས་དྲི་བ་ཞུ་རྒྱུའི་གོ་སྐབས་སྩལ་བར་ཆོས་ཞུ་བ་ཞིག་གིས་མགོན་པོ་གང་ཉིད་མཆོག་ལ་ང་ཚོ་དང་མི་འདྲ་བའི་དམིགས་བསལ་གྱི་ནུས་པ་གང་ཡོད་སྐོར་བཀའ་འདྲི་ཞུས་པར་བཀའ་ལན་སྩལ་དོན། ངོས་ལ་དམིགས་བསལ་གྱི་ནུས་པ་དེ་འདྲ་གང་ཡང་མེད། ང་ཚོ་ཚང་མ་གཅིག་མཚུངས་ཡིན། གང་ལྟར་ང་ཚོའི་བསམ་བློ་གཏོང་ཕྱོགས་ཐོག་ནས་ལུས་སེམས་ལ་ཏན་ཏན་ཕན་ཐོགས་ཡོང་གི་ཡོད། ངོས་རང་ནང་པའི་ཆོས་པ་ཞིག་ཡིན་པའི་ཆ་ནས་བསམ་བློ་གཏོང་ཕྱོགས་ལ་སྦྱོང་བརྡར་བྱས་པ་དེ་ལུས་སེམས་ལ་ཏན་ཏན་ཕན་ཐོགས་ཡོང་གི་འདུག དཔེར་ན། ངོས་རང་དེ་སྔོན་མཁྲིས་རྡོ་གཤག་བཅོས་བྱས་པ་དང་དེ་རྗེས་དྲག་སྐྱེད་མགྱོགས་པོ་བྱུང་བའི་སྐབས་དེར་སྨན་པས་ངོས་ཀྱི་གཟུགས་པོའི་གནས་སྟངས་དེ་ཐང་པོ་འདུག་ཅེས་བརྗོད་བྱུང་། དེ་ནི་གཞན་གང་ཡང་མ་ཡིན་པར་ངོས་རང་གི་སེམས་ཞི་བདེར་གནས་ཐུབ་པར་བརྟེན་ནས་བྱུང་བ་རེད་ཅེས་བཀའ་ལན་ཕེབས་ཡོད། དེ་བཞིན་༸གོང་ས་མཆོག་གིས་ཆོས་ལུགས་སྐོར་ལ་བཀའ་སློབ་སྩལ་དོན། འཛམ་གླིང་འདིའི་སྟེང་ཆོས་ལུགས་འདྲ་མིན་མང་པོ་ཞིག་ཡོད་པ་མ་ཟད། སོ་སོའི་ཁམས་དང་མོས་པར་གཞིགས་པའི་དད་མོས་མི་འདྲ་བ་ཡོད། སོ་སོ་གང་ལ་དད་པ་བྱེད་སའི་ཆོས་ལུགས་དེ་རང་ཉིད་ལ་འཚམས་ཤོས་རེད་ཅེས་བཀའ་སློབ་སྩལ་བ་དང་ཆབས་ཅིག་ཆོས་ལུགས་བརྗེ་སྒྱུར་བྱེད་རྒྱུ་དེ་ཡང་ལས་སླ་པོ་ཞིག་མིན། ཆོས་ལུགས་ཚང་མའི་གཞི་རྩའི་དམིགས་ཡུལ་ནི་གཞན་ལ་ཕན་བདེ་བསྒྲུབ་རྒྱུ་དང་བྱམས་བརྩེ་བྱ་རྒྱུ་དེ་ཡིན། ངོས་རང་ནང་པའི་ཆོས་བྱེད་པ་ཞིག་ཡིན་པའི་ཆ་ནས་ངོས་ཀྱིས་ནང་ཆོས་འདི་ཆོས་ལུགས་ཚང་མའི་ནང་ནས་ཡག་ཤོས་རེད་ཅེས་བརྗོད་ཐུབ་ཀྱི་མེད། འོན་ཀྱང་ངོས་རང་ལ་ནང་ཆོས་འདི་འཚམས་ཤོས་ཡིན། བོད་ཀྱི་ནང་ཆོས་ནི་རྒྱ་གར་གྱི་དཔལ་ན་ལེཎྡྲ་ཌ་ནས་བརྒྱུད་པའི་ལྷད་མེད་པའི་སངས་རྒྱས་ཀྱི་ཆོས་ཡིན་པ་མ་ཟད། ངོས་ཀྱིས་ད་ཆ་སློབ་སྦྱོང་བྱེད་བཞིན་པ་དེ་དག་ཀྱང་དཔལ་ན་ལེཎྡྲའི་མཁས་པ་ནས་བརྒྱུད་པ་ཡིན་པས་བོད་ཀྱི་ནང་ཆོས་འདི་བླ་མའི་ཆོས་ལུགས་རེད་ཟེར་བ་ནི་ནོར་འཁྲུལ་ཡིན། དེར་བརྟེན་དེ་ལ་སངས་རྒྱས་ཀྱི་ཆོས་ལུགས་ཟེར་བ་ལས་བོད་ཀྱི་བླ་མའི་ཆོས་ལུགས་ཞེས་བརྗོད་ན་འགྲིག་གི་མེད། ཅེས་བཀའ་སློབ་སྩལ་ཡོད།