༢༠༠༩ ཕྱི་ཟླ་ ༡༡ ཚེས་ ༣༠ རེས་གཟའ་ཟླ་བ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་དུ་ཨུ་རུ་སུའི་དད་ལྡན་ཆོས་ཞུ་བ་ཚོར་ཆོས་འབྲེལ་གྱི་མཛད་འཕྲིན་ལེགས་པར་གྲུབ་རྗེས་ཕྱི་ལོ་ ༢༠༠༩ ཟླ་ ༡༡ ཚེས་ ༢༨ ཉིན་གྱི་ཕྱི་དྲོ་ཚོུད་ ༣ པའི་ཐོག་བཞུགས་སྒར་ནས་གྷ་གྷལ་གནམ་ཐང་བརྒྱུད་མཁའ་ལམ་ཐོག་ལྡི་ལི་དང་དེ་ནས་ཨོ་སི་ཊོ་ལི་ཡར་ཆིབས་སྒྱུར་བསྐྱངས། ཐེངས་འདིར་ཨོ་སི་ཊོ་ལི་ཡ་དང་་ནིའུ་ཛི་ལནཌིའི་ནང་ཟླ་ ༡༢ ཚེས་ ༡ ནས་ཚེས་ ༡༠ བར་མཛད་འཕྲིན་རྒྱ་ཆེ་སྐྱོང་གནང་མཛད་རྒྱུ་ཡིན་འདུག དེ་ཡང་ཟླ་ ༡༢ ཚེས་ ༡ དང་ ༢ ལ་༸གོང་ས་མཆོག་ནས་དད་ལྡན་མང་ཚོགས་ལ་བྱང་ཆུབ་སེམས་འགྲེལ་དང་། ཚེས་ ༣ ཉིན་༸གོང་ས་མཆོག་གི་ཨོ་སི་ཊོ་ལི་ཡའི་ཚོགས་ཆུང་ནས་གོ་སྒྲིག་གནང་བའི་གྲོང་ཁྱེར་སི་ཊི་ནི་ནང་མང་ཚོགས་ལ། མ་འོངས་པའི་ང་ཚོའི་འགན་ལེན་སུས་འཁྱེར་རམ་ (Our future: who is responsible) ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བཀའ་དྲིན་སྩལ་རྒྱུ་དང་། ཚེས་ ༥ ཉིན་ནིའུུ་ཛི་ལནཌི་ནང་ཡོད་ཨོཀ་ལེནཌར་མང་ཚོགས་ལ་སེམས་ཀྱི་གཞི་བདེ་ (A Peaceful mind) ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་རྒྱུ། ཕྱི་ཚེས་ ༦ ཉིན་༸གོང་ས་མཆོག་གི་ཆིབས་སྒྱུར་ཐེབས་རྩ་ཁང་ནས་གོ་སྒྲིག་འོག་ཆོས་ཞུ་བ་ཚོར་ཨོཀ་ལེནཌ་རུ་བྱང་ཆུབ་སེམས་འགྲེལ་གྱི་གསུང་ཆོས་བཀའ་དྲིན་བསྐྱང་རྒྱུ། ཕྱི་ཚེས་ ༨ ཉིན་༸གོང་ས་མཆོག་གི་ཨོ་སི་ཊོ་ལི་ཡའི་ཚོགས་པའི་གོ་སྒྲིག་འོག་ཨོ་སི་ཊོ་ལི་ཡའི་ནང་ཧོ་བྷ་ཊ་རུ་དད་ལྡན་མང་ཚོགས་ལ་བྱམས་བརྩེའི་རྣམཔ་འདྲ་མིན་ (Compassion in Diversity) ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བཀའ་དྲིན་བསྐྱང་རྒྱུ། ༢༠༠༩ ཟླ་ ༡༢ ཚེས་ ༩ ཉིན་མེལ་བན་ནང་༸གོང་ས་མཆོག་རྒྱལ་སྤྱིའི་གྲོས་ཚོགས་ཀྱི་ཆོས་ལུགས་ (closing plenary of the parliament of the worlds religion) ཚོགས་འདུའི་མཇུག་བསྡོམས་ལ་ཆིབས་སྒྱུར་བཀའ་དྲིན་བསྐྱང་རྒྱུ། ཕྱི་ཚེས་ ༡༠ ཉིན་༸གོང་ས་མཆོག་གི་ཨོ་སི་ཊོ་ལི་ཡའི་ཚོགས་ཆུང་གི་གོ་སྒྲིག་འོག་མེལ་བན་ས་གནས་སུ་༸གོང་ས་མཆོག་ནས། འཛམ་གླིང་ནང་བཞི་བདེ། སུ་ལ་འགན་ཡོད་དམ། (World Peace: who is responsible) ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་རྒྱུ་བཅས་ཡིན་པའི་གནས་བསྡུས་སུ།