༢༠༠༩ ཕྱི་ཟླ་ ༡༡ ཚེས་ ༢༤ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༠༩ ཟླ་ ༡༡ ཚེས་ ༡༩ ནས་ ༢༢ བར་རྒྱ་གར་རྒྱལ་ས་ལྡི་ལིར་མེས་པོ་དམ་པ་གྷན་དྷིས་དབུ་འཛུགས་མཛད་པའི། རྒྱ་གར་རང་དབང་། Hind Swaraj ཞེས་པའི་ལས་འགུལ་དེ་སྤེལ་ནས་ལོ་ངོ་ ༡༠༠ འཁོར་བའི་དུས་དྲན་སྲུང་བརྩིའི་ཉིན་མཐའ་མར་སྦཱརཇ་པི་ཐ་ཐེབས་རྩས་ Swaraj Peeth Trust ཕྱི་ཚེས་ ༢༢ ཉིན་མཐའ་མའི་མཇུག་བསྡོམས་ལྷན་ཚོགས་ཀྱི་ཚོགས་མགོན་དུ་༸གོང་ས་མཆོག་ལ་ཇི་ལྟར་གདན་ཞུའི་གསོལ་འདེབས་ཞུས་དོན་ལྟར་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ཡོད་པ་རེད། ལྷན་ཚོགས་དེར་ཕེབས་པའི་འཛམ་གླིང་ཡུལ་གྲུ་ཁག་ ༡༤ ཙམ་གྱི་ཚོགས་བཅར་བ་སྐུ་ཚབ་མི་གྲངས་ ༡༠༠ ལྷག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱལ་སྤྱིའི་གྷན་དྷིའི་ལས་འགུལ་དེའི་དབུ་ཁྲིད་གནང་སྐྱོང་ཡོང་བའི་འབོད་སྐུལ་གསོལ་འདེབས་ཞུས་ཡོད་པ་ལྟར་གང་ཉིད་མཆོག་ནས་ཞལ་བཞེས་བཟང་པོ་ཐོབ་སྟེ་བཀའ་སློབ་ཕེབས་དོན། ཨ་རིའི་ཨི་མོ་རི་གཙུག་ལག་སློབ་གཉེར་ཁང་དང་ལྡི་ལི་གཙུག་ལག་སློབ་གྲྭ་ཆེན་པོ་གཉིས་ནས་ངོས་ལ་ཆེ་བསྟོད་ཀྱི་སློབ་དཔོན་ཆེན་པོའི་མཚན་གནས་གནང་ཡོད་པ་རེད། སློབ་གྲྭ་དེ་གཉིས་ངོས་ནས་ལས་དོན་དེ་གཟི་བརྗིད་ལྡན་པ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད། དོན་དངོས་ཐོག་ངོས་རང་ཕུགས་རེ་མེད་པའི་སློབ་དཔོན་ཞིག་རེད་ཅེས་བཤད་པ་ཡིན། དང་ཐོག་ངོས་ལ་སློབ་དཔོན་གྱི་མིང་ཡོད་པའི་ཆ་ནས་ངོས་ལ་ལེགས་སྦྱར་སྤྲོད་རྒྱུའི་དུས་ཚོད་མེད་པ་མ་ཟད། ངོས་རང་མི་ལེ་ལོ་ཅན་ཞིག་ཡིན་དུས་འཛིན་གྲྭ་འཁྲིད་རྒྱུར་ནང་ལས་བྱེད་རྒྱུ་སོགས་ཀྱི་གྲ་སྒྲིག་རྩ་བ་ནས་བྱེད་ཐུབ་མཁན་ཞིག་མིན་ཞེས་བརྗོད་པ་ཡིན། སྒོམ་རྒྱག་རྒྱུ་དེ་འདྲ་ཡིན་ན་ངོས་ནས་ཆུ་ཚོད་བཞི་ལྔ་དེ་འདྲ་བྱེད་ཐུབ་ཀྱི་རེད། འོན་ཀྱང་རང་སྦྱོང་བྱས་ཏེ་སློབ་ཁྲིད་བྱ་རྒྱུའི་ལས་ཀ་ལྟ་བུ་དེ་ངོས་ཀྱིས་འཇོན་ས་མ་རེད་ཅེས་བརྗོད་རྒྱུ་བྱུང་། དེ་འདྲ་ཡིན་དུས་ཁྱེད་ཚོས་ཡང་བསྐྱར་ངོས་ལ་འགོ་ཁྲིད་བྱ་རྒྱུའི་རེ་བ་ཞིག་བྱེད་ཀྱི་ཡོད་པ་རེད།
ངོས་ཀྱི་དེ་ནི་གཟི་བརྗིད་ལྡན་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། འོན་ཀྱང་ཡང་བསྐྱར་ངོས་རང་ལེ་ལོ་ཅན་གྱི་འགོ་ཁྲིད་ཅིག་མ་གཏོོགས་ཡོང་གི་མ་རེད་བསམ་གྱི་ཡོད། འོན་ཀྱང་ངོས་ནས་ཁྱེད་ཚོའི་བཟང་པོའི་ལས་ཀ་དེའི་ཐོག་ཕན་ཐོགས་ཡོད་ན་གང་ཡོང་ཅི་ཡོང་གི་ཞབས་འདེགས་ཞུ་གི་ཡིན། ངོས་རང་དངོས་སུ་གྷན་དྷི་ཇི་མཇལ་མྱོང་མེད་ཀྱང་ཁོང་དང་མཉམ་དུ་ཕྱག་ལས་གནང་མཁན་རྒྱ་གར་གྱི་རང་དབང་འཐབ་རྩོད་པ་མང་པོ་ཞིག་མཇལ་འཕྲད་ཞུ་རྒྱུའི་གོ་སྐབས་བྱུང་བ་དེ་གྷན་དྷིའི་ལྟ་གྲུབ་དང་ཁོང་ཚོའི་སྙིང་སྟོབས་བཅས་ལ་ཡི་རང་བསྔགས་བརྗོད་ཀྱི་ཚོར་བ་ཞིག་བྱུང་། དེ་འདྲ་སོང་ཙང་ངོས་རང་ངོས་ནས་ཕན་ཐོགས་ཡོད་པ་ཡིན་ན་གང་ཡོང་ཅི་ཡོང་ཞུས་ཀྱི་ཡིན་ཞེས་ཞུ་འདོད་བྱུང་། ད་ནི་ངོས་ཁྱེད་རང་ཚོའི་འགོ་ཁྲིད་རེད་ད་ཅེས་ཞལ་ཤོབ་དང་སྦྲགས་བཀའ་སློབ་སྩལ་ཡོད། ༸གོང་ས་མཆོག་ནས་ལྷན་ཚོགས་དེ་བརྒྱུད་གྷན་དྷིའི་ལྟ་གྲུབ་དང་བསམ་ཚུལ་རྒྱ་གར་ཙམ་མ་ཟད།
རྒྱལ་སྤྱིའི་ཁྱོན་དུ་འཕེལ་རྒྱས་འགྲོ་བཞིན་པ་དེར་ཡི་རང་བསྔགས་བརྗོད་མཛད་པ་དང་ཆབས་ཅིག་ལྷན་ཚོགས་དེར་ཕེབས་པའི་གྷན་དྷིའི་རྗེས་འབྲང་པ་ཚོའི་བྱས་རྗེས་བརྒྱུད་མགོན་པོ་གང་ཉིད་ལ་རང་བཞིན་གྱི་སྙིང་སྟོབས་ཤིག་འཕེལ་བ་དང་ཐུགས་དགྱེས་ཚོར་ཆེན་པོ་བྱུང་ཞེས་བཀའ་སློབ་ཕེབས་ཡོད། མགོན་པོ་གང་ཉིད་ནས་ད་དུང་འཛམ་གླིང་ནང་མང་གཙོའི་རྒྱལ་ཁབ་ཆེ་ཤོས་རྒྱ་གར་ལ་ལོ་ངོ་སྟོང་ཕྲག་ནས་ཡོད་པའི་བཟང་པོའི་ཡོནཏན་ཁག་ལ་བསྔགས་བརྗོད་མཛད་པ་དང་མི་རབས་གཞོན་པ་ཚོས་རྩ་ཆེན་རིག་གཞུང་བཟང་པོ་དེ་མི་ཉམས་རྒྱུན་འཛིན་བྱེད་དགོས་པའི་ལམ་སྟོན་དང་ལྷག་པར་གང་ཉིད་རྒྱུ་མཚན་གཉིས་ཀྱི་ཐོག་ནས་Son of India རྒྱ་གར་གྱི་བུ་ཞིག་ཏུ་ངོས་འཛིན་ཞུ་གི་ཡོད་སྐོར་བཀའ་སློབ་སྩལ་དོན། རྒྱུ་མཚན་དང་པོ་དེ་ཤེས་བྱའི་གཞི་རྩ་དེ་རྒྱ་གར་ནས་བྱུང་བ་ཞིག་དང་། གཉིས་པ་དེ་འདས་པའི་ལོ་ངོ་ལྔ་བཅུའི་རིང་རྒྱ་གར་གྱི་ཟས་བཟས་ཏེ་འཚོ་ཐབས་བྱུང་བ་བཅས་ལ་བརྟེན་ངོས་རང་རྒྱ་གར་གྱི་བུ་ལྟ་བུ་ཆགས་ཡོད་ཅེས་བཀའ་སློབ་ཕེབས་ཡོད། ཉིན་གྲངས་བཞིའི་ཚོགས་ཆེན་དེར་རྒྱ་གར་ནང་གི་གྷན་དྷིའི་རྗེས་འབྲང་པ་གྲགས་ཆེན་མི་སྣ་ཁག་གཅིག་ཕེབས་ཡོད་པ་མ་ཟད། གྷན་དྷིའི་ལྟ་གྲུབ་ཐོག་ཕྱག་ལས་གནང་མཁན་གྱི་སྤྱི་ཚོགས་ཞབས་ཞུ་བ་དང་། ལས་འགུལ་བ། མཁས་དབང་སོགས་ཀྱང་ཕེབས་ཡོད་པ་མ་ཟད། ལྷན་ཚོགས་དེ་དང་སྟབས་བསྟུན། རྒྱ་གར་རང་དབང་། ཞེས་པའི་གྷན་དྷིའི་ཕྱག་དེབ་བོད་སྒྱུར་ཞུས་ཡོད་པ་༸གོང་ས་མཆོག་ནས་དབུ་འབྱེད་བསྐྱངས་ཡོད་པ་རེད། ལྷན་ཚོགས་དེའི་ཐོག་བོད་མི་ལས་འགུལ་བ་ཁག་གཅིག་ཀྱང་མཉམ་ཞུགས་གནང་ཡོད་པ་བཅས་ཀྱི་གནས་བསྡུས་སུ།