༢༠༠༩ ཕྱི་ཟླ་ ༡༡ ཚེས་ ༢༧ རེས་གཟའ་པ་སངས།
༄༅། །ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཞོན་སྐུ་ཞབས་ཨེཌ་ཝཌ་མེཀ་མི་ལན་ས་ཀོཊ་ (Mr, Edward McMillan Scott) མཆོག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ ཀྱི་སྐུ་ཚབ་ཁག་གཅིག་དང་ལྷན་ཕྱི་ཟླ་ ༡༡ ཚེས་ ༡༦ ཉིན་བྷ་ར་སེལ་ནང་རྟེན་གཞི་བྱས་པའི་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་ཁང་དང་ལས་ཁུངས་ནང་མཇལ་འཕྲད་སྐབས་གསུང་དོན། བོད་མིའི་འཚེ་བ་མེད་པའི་ལས་
འགུལ་ལ་རྒྱབ་སྐྱོར་ཞུ་བཞིན་ཡོད་ཅེས་དང་། དབྱིན་ཡུལ་གྱི་བོད་ཐོག་འཛིན་པའི་ཆབ་སྲིད་ཀྱི་ལང་ཕྱོགས་ལ་བསྒྱུར་བ་བཏང་བ་དེར་བློ་ཕམ་བྱུང་ཞེས་གསུངས་ཡོད། བོད་མི་མང་སྤྱི་འཐུས་སྐུ་ཚབ་རྣམ་པས་ཡུ་རོབ་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ཚོགས་གཙོ་མཆོག་ལ་ད་ལྟའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་རྣམས་སྙན་གསེང་ཞུས་ཡོད། ཐེངས་འདིའི་
ལྷན་ཚོགས་འདི་ནི་འབྱུང་འགྱུར་ཕྱི་ཟླ་ ༡༡ ནང་ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་དབར་ལྷན་ཚོགས་བྱ་རྒྱུ་ཡིན་པ་དེ་དང་ཕྱི་ཟླ་ ༡༢ ནང་ཡུ་རོབ་གྲོས་ཚོགས་ཀྱི་བོད་དོན་ཐོག་ཉམས་ཞིབ་ལྷན་ཚོགས་སྐབས་ལ་ཡང་གལ་གནད་ཆེན་པོ་ཞིག་ཆགས་ཡོད། ཡུ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཐོ་མའ་སེ་མན་མཆོག་ (Thomas
Mann) ནས་བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་དང་གྲོས་ཚོགས་འཐུས་མིའི་སྐུ་ཚབ་སྤྱི་འཐུས་དགེ་བཤེས་བེ་རི་འཇིགས་མེད་དབང་རྒྱལ་ལགས་དང་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས། སློབ་དཔོན་བསོད་ནམས་བསྟན་འཕེལ་ལགས། དགེ་བཤེས་ཚེ་རིང་པོ་ལགས། ཚེ་རིང་གཡུ་སྒྲོན་ལགས་བཅས་ལ་སྣེ་ལེན་གཟབ་རྒྱས་ཞུས་ཡོད།
རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་ཐེངས་ལྔ་པར་ཕེབས་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་རྣམས་ཨི་ཊ་ལིའི་རྒྱལ་ས་རོམ་ལ་ཕེབས་རྒྱུའི་ལམ་ཞོར་དུ་ཕ་རན་སིའི་རྒྱལ་སར་ཕེབས་ཡོད། ཕྱི་ཚེས་ ༡༢ ཉིན་སྐུ་ཚབ་རྣམ་པར་ཕ་རན་སིའི་གྲོས་ཚོགས་འཐུས་མིའི་ཚོགས་ཁང་ནང་ཕ་རན་སིའི་གྲོས་ཚོགས་འོག་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ལོ་ནི་ཡལ་ལུ་ཀ་ Lionel Luca མཆོག་གིས་སྣེ་ལེན་འཚམས་འདྲི་ཞུས་ཡོད། དེ་བཞིན་ཕ་རན་སིའི་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཕ་རེན་ཀོ་སི་ཧམ་བར་ཊ་ Francois Humbert མཆོག་ནས་གྲོས་ཚོགས་གོང་མར་སྣེ་ལེན་གཟབ་རྒྱས་ཞུས་ཡོད་པ་རེད། སྐུ་ཚབ་རྣམ་པས་མཐའ་མཚམས་མེད་པའི་གསར་འགོད་པ་ (Reporters without Border) དང་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་གཉིས་དང་ཐུག་འཕྲད་གནང་ཐོག་ད་ལྟའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གསལ་བཤད་གནང་ཡོད་པ་མ་ཟད། བོད་ནང་གི་བོད་མི་རྣམས་ཀྱི་གནས་སྟངས་ཡར་རྒྱས་ཡོང་རྒྱུར་ཛ་དྲག་གིས་འབོད་སྐུལ་ཡང་ཞུས་ཡོད་པ་དང་། ཆབས་ཅིག་ཕ་རན་སིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་བོད་དོན་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཡང་ཞུས་ཡོད། ཐེངས་འདིར་བོད་མི་མང་སྤྱི་འཐུས་རྣམ་པའི་གཞུང་འབྲེལ་གཟིགས་སྐོར་སྐབས་གཞུང་འབྲེལ་མི་སྣ་ཁག་དང་མཇལ་འཕྲད་གནང་བ་ཙམ་མ་ཟད། ཕ་རན་སི་དང་སྦེལ་ཇམ་ནང་གནས་སྡོད་བྱེད་བཞིན་པའི་བཙན་བྱོལ་བོད་གཞུང་སྐུ་ཚབ་དོན་གཅོད་ཀྱིས་གོ་སྒྲིག་འོག་ཕ་རན་སི་དང་སྦེལ་ཇམ་ནང་ཡོད་པའི་བོད་མིའི་ཚོགས་པ་ཁག་གཅིག་དང་ལྷན་དུ་མཇལ་འཕྲད་གནང་ཡོད་པ་རེད།