༢༠༠༩ ཕྱི་ཟླ་ ༡༡ ཚེས་ ༣༠ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༠༩ ཟླ་ ༡༡ ཚེས་ ༢༨ ཉིན་རྒྱབ་ཆུ་ཚོད་ ༢།༠༠ ཐོག་རྡ་ས་ཉིན་མོ་སློབ་གྲྭའི་ཚོགས་ཁང་དུ་བོད་རྒྱལ་ཡོངས་མང་གཙོ་ཚོགས་པས་གོ་སྒྲིག་ཞུས་ཐོག་ཕྱི་ལོ་ ༢༠༡༡ ལོའི་གལ་གནད་དང་། ད་ལྟའི་མང་གཙོ་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཚོགས་ཡོད།
ཐེངས་འདིའི་བགྲོ་གླེང་བ་དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་འཇམ་དཔལ་ཆོས་བཟང་མཆོག་དང་། སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས། བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག དབུས་གཞོན་ནུའི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་དང་། བོད་ཀྱི་དུས་བབ་རྩོམ་སྒྲིག་པ་ལུང་རིགས་རྒྱལ། བོད་ཀྱི་བང་ཆེན་རྩོམ་སྒྲིག་གཞོན་པ་ཆོས་ཉིད་འོད་ཟེར། བོད་གནས་ཉམས་ཞིབ་པ་ཀླུ་མཁར་བྱམས། མང་གཙོ་ཚོགས་པའི་ཚོགས་གཙོ་འཆི་མེད་གཡུ་དྲུང་བཅས་དང་དེ་བཞིན་མི་མང་བརྒྱ་ཕྲག་བརྒལ་བ་རྣམས་ཚོགས་ཁང་ནང་འདུ་འཛོམས་ཐོག་བགྲོ་གླེང་གཙོ་སྐྱོང་བས་བགྲོ་གླེང་བ་རྣམས་རེ་རེ་བཞིན་ངོ་སྤྲོད་གནང་རྗེས་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོས་བགྲོ་གླེང་གི་དགོས་དམིགས་གཏམ་བཤད་གནང་གྲུབ་མཚམས་དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་མཆོག་ནས་བགྲོ་གླེང་གི་གསུང་བཤད་གནང་དོན། དེ་རིང་འདི་གར་བགྲོ་གླེང་ཐོག་ཆེད་ཕེབས་གནང་བའི་རྣམ་པ་ལྷན་རྒྱས་ལ་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ་གི་ཡོད། སྤྱིར་བཏང་བགྲོ་གླེང་འདི་ལྟ་བུ་གོ་སྒྲིག་གནང་དགོས་རྒྱུ་གལ་ཆེན་པོ་རེད། ཕྱི་ལོ་ ༡༩༥༩ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བོད་མི་མང་དག་ཅིག་བཙན་བྱོལ་དུ་གྱར་དགོས་བྱུང་བ་རེད། འོན་ཀྱང་༸གོང་ས་མཆོག་གིས་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བཙན་བྱོལ་དུ་གནས་པའི་བོད་མི་ཚོར་མང་གཙོའི་ཐོབ་ཐང་ཞིག་གསོལ་རས་སྩལ་ཡོད། དེའི་ནང་གལ་ཆེ་བ་ཞིག་ལ་སོ་སོའི་སྒྲིག་འཛུགས་ནང་ཡོད་པའི་སྤྱི་འཐུས་སོགས་མང་གཙོའི་ལམ་ནས་འདེམས་སྒྲུག་བྱེད་ཀྱི་ཡོད་པ་རེད། ང་རང་དེ་རིང་འདི་གར་གཞུང་འབྲེལ་ཐོག་ནས་ཡོང་བ་དེ་འདྲ་མིན། མང་གཙོའི་སྒྲིག་འཛུགས་ནང་གལ་ཆེ་ཤོས་དེ་གཏམ་བརྗོད་ཀྱི་རང་དབང་ཡིན། དེ་ནས་མང་གཙོ་སོ་སོས་ལག་ལེན་བསྟར་ཏེ་འོས་ཤོག་འཕེན་རྒྱུ་དེ་ཡང་གལ་ཆེན་པོ་ཞིག་རེད། འོན་ཀྱང་སྒྲིག་འཛུགས་གང་དུ་ཡིན་ཡང་འོས་ཤོག་འཕེན་རྒྱུར་འགྲོ་སྟངས་ཤིག་ཡོད་པ་མ་ཟད།
ཆ་རྐྱེན་མང་པོ་ཞིག་ཀྱང་ཚང་དགོས་ཀྱི་ཡོད། རྣམ་པ་ཚོས་གཞུང་འབྲེལ་འོས་བསྡུའི་སྒྲིག་གཞི་དང་བཅའ་ཁྲིམས་གཟིགས་ཡོད་ངེས་རེད། ཕྱི་ལོ་ ༢༠༡༡ བཀའ་བློན་ཁྲི་པ་སོགས་འོས་བསྡུའི་ལམ་ནས་འདེམས་སྒྲུག་གནང་དགོས་ཀྱི་ཡོད། སྐབས་དེར་ཁྱེད་རྣམ་པས་དེ་རིང་འདིར་མཉམ་ཞུགས་གནང་བ་ལྟར་ཕེབས་པའི་རེ་བ་ཡོད། དེ་བཞིན་འོས་ཤོག་འཕེན་སྐབས་སྐྱ་སེར་དབྱེར་མེད་ཐོག་རང་ལོ་ ༡༨ ལ་སོན་པ་ཞིག་དགོས་ཀྱི་ཡོད། ཕྱོགས་མཚུངས་རང་ཚོ་རང་ཡུལ་བྲལ་ཏེ་གཞན་ཡུལ་དུ་བསྡད་ཡོད་སྟབས་འདིར་སྡོད་རྒྱུར་ཁྲིམས་མཐུན་གྱི་ཡིག་ཆ་དགོས་ཀྱི་ཡོད། འོས་ཤོག་འཕེན་པའི་སྐབས་ལ་ཆ་རྐྱེན་གལ་ཆེ་ཤོས་ཤིག་ག་རེ་རེད་དམ་ཟེར་ན། སོ་སོ་ལུང་པ་དེའི་ནང་ཁྲིམས་མཐུན་ཐོག་ནས་སྡོད་རྒྱུ་འདུག་གམ་མི་འདུག དེ་ང་ཚོས་འོས་བསྡུ་ལས་ཁུངས་ནས་བལྟ་གི་རེད། ལྷག་པར་འོས་ཤོག་འཕེན་སྐབས་མིང་གཞུང་དེབ་བཀོད་བྱེད་དགོས་ཀྱི་ཡོད། དེར་བརྟེན་ཆ་རྐྱེན་དེ་དག་ཚང་བའི་ཐོག་ནས་འོས་ཤོག་བླུག་དགོས་སྐོར་སོགས་ཀྱི་གསུང་བཤད་གྲུབ་མཚམས་བགྲོ་གླེང་བ་གཞན་རྣམས་ནས་དེ་མཚུངས་ཀྱིས་སྐར་མ་ལྔ་རེར་གཏམ་བཤད་གནང་ཡོད། དེ་རྗེས་བགྲོ་གླེང་བ་རྣམས་ཕན་ཚུན་དྲི་བ་དྲི་ལན་གྱི་ཐོག་ནས་མ་འོངས་པའི་བཀའ་བློན་ཁྲི་པ་དང་སྤྱི་འཐུས་འདེམས་ཕྱོགས་སྐོར་ལ་བགྲོ་གླེང་ལྷུག་པོ་གནང་གྲུབ་རྗེས་མང་གཙོ་ཚོགས་པའི་ཚོགས་གཙོས་ཐུགས་རྗེ་ཞུས་ཏེ་བགྲོ་གླེང་ལེགས་གྲུབ་བྱུང་ཡོད་པ་རེད།