༢༠༠༩ ཕྱི་ཟླ་ ༡༡ ཚེས་ ༡༠ རེས་གཟའཟླ་བ།
༄༅། །ཕྱི་ལོ་ ༢༠༠༩ ཟླ་ ༡༡ ཚེས་ ༨ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་བྱང་ཤར་བོད་ཀྱི་ས་མཚམས་ཨ་རུ་ནཱ་ཅལ་མངའ་སྡེའི་ཁུལ་དུ་ཡོད་པའི་རྟ་དབང་རྫོང་དུ་ཐད་འཕུར་གནམ་གྲུའི་ཐོག་ཆིབས་སྒྱུར་གྱི་༸ཞབས་སོར་བདེ་བར་འཁོད་སྐབས་གནམ་ཐང་དུ་༸གོང་ས་མཆོག་ཕེབས་བསུའི་ཆེད་ཨ་རུ་ནཱ་ཅལ་མངའ་སྡེའི་ (Arunachal Pradesh) སྤྱི་ཁྱབ་བློན་ཆེན་རྡོ་རྗེ་མཁའ་འགྲོ་མཆོག (Chief Minister Dorjee Khandu) དང་དེ་བཞིན་མངའ་སྡེའི་ཆོས་རིགས་ལྷན་ཁང་གི་འགན་འཛིན་མཚོ་སྣ་རིན་པོ་ཆེ།
རྟ་དབང་དགའ་ལྡན་རྣམ་རྒྱལ་ལྷ་རྩེ་དགོན་པའི་མཁན་པོ་གུ་རུ་རིན་པོ་ཆེ་བཅས་གནད་ཡོད་མི་སྣ་ཁག་གཙོས་ས་གནས་གཞུང་མང་རྣམས་ནས་ཕེབས་བསུའི་འཚམས་འདྲི་གཟབ་རྒྱས་ཞུས་ཡོད། གནམ་ཐང་ནས་རྟ་དབང་དགོན་པའི་བར་རྒྱང་ཐག་ཀི་ལོ་མི་ཊར་ ༤ ཙམ་ཡོད་པའི་ལམ་ཟུར་གཡས་གཡོན་དུ་དད་ལྡན་མང་ཚོགས་ཀྱིས་གཟབ་མཆོར་ལེགས་པར་གྱོན་ཏེ་ལག་ཏུ་སྤོས་སྣེ་དང་དཀར་གཙང་ཁ་བཏགས་ཐོགས་ཏེ་དད་གུས་སྤྲོ་གསུམ་གྱིས་མགོན་པོ་གང་ཉིད་མཆོག་ལ་ཕེབས་བསུའི་འཚམས་འདྲི་ཞུས་ཡོད། དེ་རྗེས་ཆུ་ཚོད་ ༡༠།༣༠ ཙམ་ལ་༸གོང་ས་མཆོག་ཉིན་བཞིའི་རིང་བཞུགས་གནས་རྟ་དབང་རྣམ་རྒྱལ་ལྷ་རྩེ་དགོན་པར་༸ཞབས་སོར་འཁོད་སྐབས་རྟ་དབང་དགོན་པའི་དགེ་འདུན་པ་རྣམས་ནས་སེར་སྦྲེངས་བསྒྲིགས་ཏེེེ་དུང་རྒྱ་བཅས་ཀྱིས་སྔོན་བསུས་ཏེ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། མགོན་པོ་གང་ཉིད་མཆོག་ནས་ཐོག་མར་རྟ་དབང་དགོན་པའི་འགྲེམས་སྟོན་ཁང་དབུ་འབྱེད་དང་རབ་གནས་མཛད་ཡོད་པ་མ་ཟད་དེ་རྗེས་དགོན་པའི་ཚོགས་ཁང་ནང་༸ཞབས་སོར་འཁོད་མཚམས་འདུས་མང་ཡོངས་ནས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་ཡོད། ད་རེས་༸གོང་ས་མཆོག་ཨ་རུ་ནཱ་ཅལ་མངའ་སྡེའི་ནང་གི་ཆིབས་སྒྱུར་དེ་རྒྱ་དཀར་ནག་གཉིས་ས་མཚམས་ཀྱི་གནད་དོན་ཐོག་རྩོད་རྙོག་བྱུང་བའི་རྐྱེན་གྱིས་༸གོང་ས་མཆོག་གི་རྟ་དབང་ཁུལ་དུ་ཆོས་འབྲེལ་གྱི་ཆིབས་སྒྱུར་དེར་རྒྱ་གཞུང་ནས་ཆབ་སྲིད་ཀྱི་ངོ་བོར་འགྲེལ་བརྗོད་བྱེད་བཞིན་ཡོད། འོན་ཀྱང་མགོན་པོ་གང་ཉིད་མཆོག་ཁུལ་དེར་༸ཞབས་སོར་འཁོད་རྗེས་གསར་འགོད་པ་ཚོར་བཀའ་སློབ་སྩལ་དོན། ངོས་རང་ས་གནས་གང་དུ་ཕྱིན་ཀྱང་རྒྱ་གཞུང་གིས་ངོ་རྒོལ་བྱེད་ཀྱི་ཡོད་པ་དེ་ནི་སྤྱིར་བཏང་གནས་ཚུལ་ཞིག་ཆགས་ཡོད། ངོས་ནས་ཁ་བྲལ་གྱི་ལས་དོན་གང་ཡང་བྱེད་ཀྱི་མེད། ངོས་རང་ས་ཕྱོགས་གང་དུ་ཕྱིན་ནའང་གནད་དོན་གཙོ་བོ་གཉིས་ཀྱི་ཐོག་ལ་འབད་བརྩོན་བྱེད་ཀྱི་ཡོད། དང་པོ། འགྲོ་བ་མིའི་རིན་ཐང་གོང་མཐོར་གཏོང་ཐབས་དང་། གཉིས་པ། ཆོས་ལུགས་མཐུན་སྒྲིལ་ཡོང་བ་བྱ་རྒྱུ་དེ་ཡིན། ཞེས་བཀའ་སློབ་ཁ་གསལ་སྩལ་ཡོད། ཉེ་ལམ་རྒྱ་ནག་གཞུང་གིས་༸གོང་ས་མཆོག་རྟ་དབང་ཁུལ་དུ་ཆིབས་སྒྱུར་དེ་འགོག་ཐབས་སུ་རྒྱ་གར་གཞུང་ལ་དངོས་ཤུགས་བརྒྱུད་གསུམ་ནས་གནོན་ཤུགས་སྤྲད་ཡོད། ད་རེས་༸གོང་ས་མཆོག་གི་རྟ་དབང་ཁུལ་གྱི་ཆིབས་སྒྱུར་དེ་རྒྱལ་སྤྱིའི་ནང་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་ལ་རྒྱལ་སྤྱི་དང་རྒྱ་གར་གསར་འགོད་པ་བཅས་ཁྱོན་མི་གྲངས་ ༡༥༠ ཙམ་ཡང་སླེབས་ཡོད། རྒྱ་གར་གཞུང་ཕྱོགས་ནས་༸གོང་ས་མཆོག་གི་རྟ་དབང་ཁུལ་དུ་ཆིབས་སྒྱུར་དེ་ཆོས་འབྲེལ་ཁོ་ན་ཡིན་པ་ནན་བརྗོད་བྱས་ཡོད།
ཉིན་དེའི་ཕྱེད་ཡོལ་མགོན་པོ་གང་ཉིད་མཆོག་ནས་རྟ་དབང་དགོན་པའི་སློབ་གྲྭའི་དཔེ་མཛོད་ཁང་ལ་རབ་གནས་དང་དབུ་འབྱེད་མཛད་ཡོད་པ་དང་། དེ་བཞིན་དགོན་པ་དེའི་དགེ་འདུན་པ་དང་སློབ་ཕྲུུག་བཅས་ལ་བཀའ་སློབ་བཀའ་དྲིན་བསྐྱངས་ཡོད་པ་བཅས་ཀྱི་གནས་བསྡུས་སུ།