༢༠༠༩ ཕྱི་ཟླ་ ༡༡ ཚེས་ ༣ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༠༩ ཟླ་ ༡༡ ཚེས་ ༡ ཉིན་ཉི་ཧོང་སྲིད་བློན་ཡུ་ཀོ་ཧ་ཏོ་ཡ་མ་ (Yukio Hatoyama) མཆོག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་དུ་༸ཞབས་སོར་འཁོད་པར་འཚམས་འཕྲིན་ཞིག་ཉི་ཧོང་གཞུང་འཛིན་གྲོས་ཚོགས་འཐུས་མི་བརྒྱུད་༸གོང་ས་མཆོག་ལ་འབུལ་ལམ་ཞུས་ཡོད།
འཚམས་འཕྲིན་དེའི་ནང་དུ་ཉི་ཧོང་གི་སྲིད་བློན་མཆོག་ནས་༸གོང་ས་མཆོག་དང་སླར་ཡང་མཇལ་འཕྲད་ཡོང་བའི་གསོལ་འདེབས་ཞུས་ཡོད་སྐོར་འཁོད་ཡོད། སྐབས་དེར་༸གོང་ས་མཆོག་གིས་སྲིད་བློན་མཆོག་ནས་འཚམས་འཕྲིན་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས་སྐུ་ཞབས་ཧ་ཏོ་ཡ་མ་ཉི་ཧོང་གི་སྲིད་བློན་དུ་འདེམས་ཐོནབྱུང་བར་ཐུགས་དགྱེས་
འཚོར་ཆེན་པོ་བྱུང་ཡོད་སྐོར་གྱི་བཀའ་ལན་སྩལ་ཡོད། ཕྱི་ཚེས་ ༢ ཉིན་༸གོང་ས་མཆོག་གྲོང་ཁྱེར་ཏ་ཀ་མ་སུའི་ (Takamatsu) ཤི་ཀོ་ཀུའི་གླིང་ཕྲན་ (Shikoku Island) ནང་གནའ་བོའི་ནང་པའི་དགོན་པ་ཧ་གུ་ཇི་ཞེས་པ་དེར་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་༸ཞབས་སོར་བཀའ་དྲིན་སྐྱོང་སྐབས་མཇལ་བཅར་བའི་ཡུལ་མི་མང་པོ་ཞིག་གིས་མགོན་པོ་གང་ཉིད་མཆོག་ལ་བོད་སྐད་ཐོག་མགྲིན་གཅིག་ཏུ་བཀྲིས་བདེ་ལེགས་ཞེས་འཚམས་འདྲི་ཞུས་ཡོད། ༸གོང་ས་མཆོག་དགོན་པ་དེའི་ཚོགས་ཁང་ནང་༸ཞབས་སོར་མ་འཁོད་གོང་ཁུལ་དེར་༸གོང་ས་མཆོག་བཙན་བྱོལ་དུ་༸ཞབས་སོར་འཁོད་ནས་ལོ་ངོ་ ༥༠ འཁོར་བ་དང་བོད་མི་དང་བོད་མིའི་དཀའ་སྡུག་དྲན་རྟེན་ཆེད་དུ་གནམ་རྒྱལ་མཆོད་རྟེན་གསར་པ་ཞིག་བཞེངས་ཡོད་པ་དེར་རབ་གནས་དང་དབུ་འབྱེད་མཛད། སྐབས་དེར་ཉི་ཧོང་ནང་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་མཏ་སུ་ནཱ་ག་དང་། ཧ་གུ་ཇིའི་ནང་པའི་དགོན་པའི་མཁན་པོ་སྐུ་ཞབས་ས་ཡི་ཏོ་རྣམ་གཉིས་ཀྱིས་༸གོང་ས་མཆོག་ས་གནས་དེར་ཆིབས་སྒྱུར་བསྐྱངས་པར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས་མ་འོངས་པར་མགོན་པོ་གང་ཉིད་མཆོག་ཆིབས་སྒྱུར་བསྐྱང་ཐུབ་པའི་གསོལ་འདེབས་ཀྱང་ཞུས་ཡོད། དེ་ཉིན་ཁུལ་དེར་གསར་འགོད་པ་ཚོར་༸གོང་ས་མཆོག་གིས་བཀའ་སློབ་ཕེབས་དོན། ངོས་རང་ལོ་ན་ ༧༤ ཡིན། ངོས་ཀྱིས་སྐྱིད་སྡུག་གི་ཉམས་མྱོང་སྣ་ཚོགས་བརྒྱུད་ཡོད། ཁྱེད་རང་ཚོས་ངོས་ལ་མགྲོན་འབོད་བྱས་པ་བཞིན་ངོས་རང་འཛམ་གླིང་ས་ཕྱོགས་གང་སར་ཕྱིན་ནས་རང་གི་མི་ཚེའི་ནང་ཉམས་མྱོང་གང་བྱུང་བ་རྣམས་གཞན་ལ་བརྗེས་ལེན་བྱེད་ཀྱི་ཡོད། ཅེས་བཀའ་སྩལ། ཕྱི་ལོ་ ༢༠༠༧ ལོར་༸གོང་ས་མཆོག་ཉི་ཧོང་དུ་༸ཞབས་སོར་འཁོད་སྐབས་སྲིད་བློན་ཧ་ཏོ་ཡ་མ་མཆོག་དང་མཇལ་འཕྲད་གནང་ཡོད། སྐབས་དེར་སྐུ་ཞབས་ཧ་ཏོ་ཡ་མ་ཉི་ཧོང་མང་གཙོ་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ཡིན་པ་དང་ཁོང་ནས་བོད་ལ་ཚད་མཐོའི་རང་སྲིད་རང་སྐྱོང་ཡོང་བར་རྒྱབ་སྐྱོར་ཞུས་ཡོད་པ་བཅས་ཀྱི་གནས་བསྡུས་སུ།