༢༠༠༩ ཕྱི་ཟླ་ ༡༡ ཚེས་ ༢༧ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༠༩ ཟླ་ ༡༡ ཚེས་ ༢༥ ཕྱི་དྲོ་༸གོང་ས་མཆོག་གིས་ཨུ་རུ་སུའི་དད་ལྡན་ཆོས་ཞུ་བ་རྣམས་ལ་དམིགས་བསལ་མཇལ་ཁ་དང་ཁོང་ཚོར་དྲི་བ་ཕུལ་རྒྱུའི་གོ་སྐབས་བཀའ་དྲིན་ཆེ་བ་སྩལ་ཡོད། སྐབས་དེར་ཆོས་ཞུ་བ་ཞིག་ནས་བོད་ནང་གི་གནས་སྟངས་སྐྱོ་པོ་ཡོད་པ་དེ་དག་ལ་ང་ཚོ་ཨུ་རུ་སུའི་ནང་པ་ཡོངས་ནས་གང་བྱེད་དགོས་ཀྱི་ཡོད་དམ་ཞེས་བཀའ་འདྲི་ཞུས་པར་བཀའ་ལན་སྩལ་དོན། ངོས་ནས་ཨ་རི་དང་ཉི་ཧོང་། ཡུ་རོབ། རྒྱ་གར་སོགས་ས་གནས་གང་སར་རྒྱུན་དུ་འདི་ཤོད་ཀྱི་ཡོད། ཁྱེད་རང་ཚོ་ཐོག་མར་བོད་ལ་ལྟ་སྐོར་དུ་འགྲོ་རོགས་བྱེད་བོད་ནང་གི་དངོས་ཡོད་ཀྱི་གནས་སྟངས་གང་འདྲ་འདུག་པ་དེ་དག་ལ་ཁྱེད་རྣམས་ནས་ཞིབ་འཇུག་ཡག་པོ་གནང་རོགས། ཡག་པོ་ཞིག་ཤེས་པ་བྱས་ཏེ་དེའི་དངོས་ཡོད་གནས་ཚུལ་ག་རེ་འདུག ཤེས་པ་བྱས་ཏེ་སོ་སོ་རང་ཡུལ་དུ་ལོག་རྗེས་རང་དང་འབྲེལ་ཡོད་མི་རྣམས་ལ་བོད་ནང་ལ་དངོས་ཡོད་ཀྱི་གནས་ཚུལ་གང་ཡོད་པ་དེ་འགྲེལ་བཤད་རྒྱག་དགོས། ད་ལྟའི་དུས་ཚོད་འདིར་བོད་ནང་གི་དངོས་ཡོད་གནས་ཚུལ་གང་ཡོད་པ་རྣམས་གསལ་པོ་ཤེས་པ་བྱ་རྒྱུ་དེ་གལ་ཆེན་པོ་རེད་འདུག་ཅེས་བཀའ་ལན་སྩལ་ཡོད། ཡང་༸གོང་ས་མཆོག་ལ་ཆོས་ཞུ་བ་ཞིག་ནས་གཡུ་ཐོག་སྙིང་ཐིག་ལྟ་བུ་རྙིང་མའི་དབང་ཞུས་པའི་རྗེས་དཔའ་བོ་འཇིགས་བྱེད་ཀྱི་དབང་ཞུས་པ་ཡིན་ན་དེ་ནི་དགེ་ལུགས་ཀྱི་ཉམས་ལེན་ཞིག་ཡིན་དུས་དེ་ལྟར་དབང་གཉིས་མི་གཅིག་གིས་ཞུས་པ་ཡིན་ན་འགྲིག་གི་ཡོད་མེད་སྐོར་དྲི་བར་བཀའ་ལན་སྩལ་དོན། ཁྱད་པར་ཁྱོན་ནས་མེད། དགེ་ལུགས་ཀྱི་དབང་ཞུ་དགོས་ཀྱི་ཡོད། རྙིང་མའི་དབང་ཞུ་དགོས་ཀྱི་ཡོད། ས་སྐྱའི་དབང་ཞུ་དགོས་ཀྱི་ཡོད། བཀའ་བརྒྱུད་ཀྱི་དབང་ཞུ་དགོས་ཀྱི་ཡོད། ངོས་ལ་ཆ་མཚོན་ན། ཚང་མའི་དབང་ཞུ་གི་ཡོད། རྙིང་མ་དང་དགེ་ལྡན། ས་སྐྱ། བཀའ་བརྒྱུད་ཚང་མ་པཎ་གྲུབ་བཅུ་བདུན་གྱི་དགེ་ཕྲུག་ཤ་སྟག་རེད། ཤུགས་ལྡན་སྟེན་མཁན་གྱིས་དེ་འདྲ་ཟེར་འདུག དགེ་ལུགས་ཤིག་ཤུགས་ལྡན་སྟེན་མཁན་ཡིན་ན། རྙིང་མའི་དཔེ་ཆ་བཞག་པ་ཡིན་ནའང་མ་འགྲིགས་པ་རེད་ཟེར་གྱི་འདུག་པ་སྐད་ཆ་དེ་ནོར་བ་རེད། དུས་རབས་ཉི་ཤུ་པའི་ནང་བོད་ལ་ཤུགས་ལྡན་གྱི་རྐྱེན་བྱས་ཏེ་གྲུབ་མཐའི་ཕྱོགས་ལྷུང་མང་པོ་ཞིག་འཕེལ་འདུག་དེ་ནོར་བ་རེད། ཅེས་དང་ཡང་༸གོང་ས་མཆོག་གིས་ཤུགས་ལྡན་སྐོར་ལ་རྒྱུས་ཆེ་ཤོས་དེ་༸རྒྱལ་དབང་ལྔ་པ་ཆེན་པོ་ཡིན་དུས་ཤུགས་ལྡན་གང་འདྲ་ཡིན་མིན་༸རྒྱལ་དབང་ལྔ་པ་ཆེན་པོའི་གསུང་ལ་ཆ་འཇོག་བྱེད་སྐོར་གྱི་བཀའ་ཕེབས་དོན། གང་ལྟར་རྒྱལ་པོ་ཤུགས་ལྡན་ཟེར་རྒྱུ་དེ་༸གོང་ས་ལྔ་པ་ཆེན་པོ་རྒྱུས་ཆེ་ཤོས་རེད། ༸གོང་ས་ལྔ་པ་ཆེན་པོས་ཤུགས་ལྡན་ཟེར་བ་དེ་གང་འདྲ་ཞིག་རེད་གསུངས་ན།
སྨོན་ལམ་ལོག་པའི་དམ་སྲི་འབྱུང་པོ། བསྟན་པ་དང་འགྲོ་བར་འཚེ་བ་བྱེད་མཁན་གསུངས་ཡོད། སོག་ཡུལ་ནང་གུ་རུ་བདེ་བའི་རྗེས་འབྲངས་དེ་འདྲས་དེ་རིང་ཁ་སང་ཤུགས་ལྡན་ཕྲན་བུ་བསྟན་གྱི་འདུག ཁྱེད་རང་ཚོས་བརྟག་དཔྱད་ཡག་པོ་བྱེད་དགོས་རེད། བར་དུ་ཡིག་ཆ་མང་པོ་ཐོན་ཡོད། དེ་ཚོར་ཞིབ་འཇུག་ཡག་པོ་བྱེད་དགོས། གང་ལྟར་གྲུབ་མཐའ་རིས་མེད་བྱ་རྒྱུ་དེ་ཞེ་དྲག་ཡག་པོ་རེད། ཅེས་བཀའ་སློབ་ཕེབས་ཡོད། ལྷག་པར་༸གོང་ས་མཆོག་གིས་གྲུབ་མཐའ་བསྲེ་རྒྱུ་ཡོད་མེད་སྐོར་ལ་བཀའ་སློབ་སྩལ་དོན། གྲུབ་མཐའ་བསྲེ་རྒྱུ་ཡོད་པ་མ་རེད་ཅེས་པའི་སྐད་ཆ་ཞིག་ཡོད། དེ་ག་རེ་རེད་དམ་ལབ་ན་མཁས་གྲུབ་རིན་པོ་ཆེས་གསུངས་ཡོད། ཆོས་བརྒྱུད་སོ་སོའི་གཞུང་འཆད་པའི་སྐབས་ལ་ཆོས་བརྒྱུད་སོ་སོའི་ཆོས་སྐད་དེ་བརྒྱབ་པ་མ་གཏོགས་ཆོས་སྐད་གཞན་དག་དང་མ་བསྲེས་གསུངས་ཡོད་པ་རེད། མ་བསྲེས་ཞེས་པའི་དོན་དག་དེ་རེད་མ་གཏོགས་གང་ཟག་གཅིག་གིས་རྙིང་མ་བྱས། དགེ་ལུགས་བྱས། ས་སྐྱ་བྱས་པ་དེ་ཆོས་ལུགས་བསྲེས་པའི་སྐད་ཆ་མ་རེད། དཔེར་ན། ༸གོང་ས་ལྔ་པ་ཆེན་པོས་རྫོགས་ཆེན་གྱི་འཁྲིད་ཡིག་རིན་འཛིན་ཞལ་ལུང་ནང་ལ་རྙིང་མ་རྐྱང་པའི་ཆོས་སྐད་བསྐྱོན་ཡོད། དགེ་ལུགས་ཀྱི་ལམ་རིམ་འཇམ་དཔལ་ཞལ་ལུང་ནང་ལ་དགེ་ལུགས་ཀྱི་ཆོས་སྐད་རྐྱང་པ་གསུངས་ཡོད།
སོ་སོའི་ཆོས་སྐད་གཙང་མ་རྒྱག་རྒྱུ་དེ་མ་བསྲེས་པའི་དོན་དེ་རེད། ༸གོང་ས་ལྔ་པ་ཆེན་ཁོང་རང་རྙིང་མ་དང་དགེ་ལུགས་ས་སྐྱ་གནང་གི་ཡོད། མཁས་གྲུབ་རིན་པོ་ཆེའི་གསུང་ཐོར་བུའི་ནང་ལ་གཅིག་གིས་དྲི་བ་ཞུས་པར་དེར་དྲིས་ལན་གནང་བའི་དོན་ཚན་ལྔ་ཡོད། དེའི་ནང་རྙིང་མའི་ཆོས་དེ་རྣམ་དག་རེད་དམ་མ་རེད་ཅེས་དྲི་བ་གཅིག་ཞུས་ཡོད། དེའི་བཀའ་ལན་དེར་མཁས་གྲུབ་རིན་པོ་ཆེས་རྙིང་མའི་ཆོས་དེ་རྣམ་དག་རེད། རྫོགས་པ་ཆེན་པོའི་ལྟ་བ་དེ་གསང་སྔགས་བླ་མེད་ཀྱི་རྫོགས་རིམ་མཐོན་པོའི་སྐབས་ཀྱི་ཉམས་ལེན་བྱ་རྒྱུ་ཞིག་རེད། རྙིང་མའི་ཆོས་ལ་སྐུར་བ་བཏབ་ན་ངན་སོང་དུ་ལྟུང་རྒྱུ་རེད། ཅེས་གསུངས་ཡོད། ཡང་ཨུ་རུ་སུའི་དད་ལྡན་ཆོས་ཞུ་བ་ཁག་གཅིག་གིས་བླ་མ་སྟེན་སྟངས་དང་འབྲེལ་བའི་སྐོར་ལ་བཀའ་དྲི་ཞུས་པར་བཀའ་ལན་ཕེབས་དོན། བླ་མ་རབ་འདི་དེ་འདྲ་རེད། དངོས་གནས་དྲང་གནས་ཀྱི་ཡོན་ཏན་དང་ཉམས་ལེན་ཡོད་པ། མི་ཕལ་པ་ཕལ་རྐྱང་བྱས་ནས་བཞུགས་མཁན་ཞིག བླ་མ་ང་མཁས་པ་ཡིན། ང་ལ་མངོན་ཤེས་ཡོད། ང་ལ་རྫུ་འཕྲུལ་ཡོད་ཟེར་མཁན་དེ་ཚོའི་གྲས་དེར་གཟབ་གཟབ་མ་བྱས་ན། ཆབ་སྲིད་པ་ལྟ་བུ་རེད། ཆབ་སྲིད་པ་ཚོས་ང་འཇོན་པོ་ཡོད། ངས་ཐུབ་ཀྱི་ཡོད་ཅེས་ཤོད་དགོས་ཀྱི་འདུག ཆོས་ཕྱོགས་ཀྱི་བླ་མ་ནི་དེ་འདྲ་ཞིག་མ་རེད། བྱས་ཙང་ཆོས་ཕྱོགས་ཀྱི་བླ་མ་ང་མཁས་པ་ཡིན། ང་ལ་སྒྲུབ་རྟགས་བསྟན་རྒྱུ་ཡོད། ཟེར་མཁན་དེ་ཚོའི་གྲས་ལྷག་པར་དུ་གཟབ་གཟབ་བྱས་ཏེ་བརྟག་དཔྱད་མ་བྱས་ན་ཉེན་ཁ་འདུག དོན་དག་སྙིང་པོ་བླ་མའི་མཚན་ཉིད་ཆོས་བཅུ་ཞེས་པ་ཞིག་ཁ་སེང་ངོས་ན་བརྗོད་པ་ཡིན། བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ། །ཡོན་ཏན་ལྷག་པར་བརྩོན་བཅས་ལུང་གིས་ཕྱུག ཅེས་སོགས་མདོ་སྡེ་རྒྱན་ནང་གསུངས་ཡོད། རྗེ་རིན་པོ་ཆེས་ལམ་རིམ་ཆེན་མོའི་ནང་གསལ་པོ་བྲིས་གནང་ཡོད། དེ་ཚོའི་གྲས་མཚན་ཉིད་ཚང་མ་ཚང་ཡག་པོ་ཞིག་རྣ་ཅོག་ཉན་ཏེ་བརྟག་དཔྱད་བྱ་རྒྱུ་གལ་ཆེན་པོ་རེད་མ་གཏོགས་ལམ་སེང་ཧོལ་རྒྱུགས་བྱས་ནས་ཕྱིན་ན་ཡག་པ་མེད་ཅེས་ཁ་སེང་སྐད་ཆ་བྱུང་བ་དེ་འདྲ་རེད། ཅེས་བཀའ་སློབ་ཕེབས་ཡོད།
དེ་བཞིན་དམར་ཟས་ལོངས་སུ་སྤྱད་པ་ཡིན་ན་ཆོས་དང་འགལ་གྱི་ཡོད་མེད་སོགས་ཀྱི་དྲི་བ་ཁག་གཅིག་ལ་བཀའ་ལན་ཕེབས་དོན། སྙིང་པོ་དེ་སོ་སོས་ཤ་སྤོང་ཐུབ་ན་ཨང་ཀི་དང་པོ་རེད། ཡང་སོ་སོའི་གོམས་གཤིས་དང་མཐུན་རྐྱེན་དེ་འདྲའི་ཆ་ནས་རྦད་དེ་སྤང་མི་ཐུབ་པ་ཡིན་ནའང་ག་ཚོད་ཐུབ་ཐུབ་ཀྱི་དཀར་ཟས་མང་ཙམ་བཟས་ན་ཡག་པོ་ཡོད་པ་རེད། དགོན་པ་དང་ལྷ་ཁང་ནང་ལ་དུས་ཆེན་བཏང་ནས་སྟོན་མོ་དེ་འདྲ་བྱས་པ་ཡིན་ན་ཡིན་གཅིག་མིན་གཅིག་དཀར་ཟས་བཏང་ན་ཡག་པོ་རེད། ངོས་སྔ་མོ་བོད་ལ་ཡོད་སྐབས་ལོ་ཕལ་ཆེར་བཅུ་གསུམ་བཅུ་བཞིའི་སྐབས་བོད་གཞུང་གིས་ནམ་རྒྱུན་སྟོན་མོ་བྱ་རྒྱུ་ (Government Festival) དེ་དག་ཚང་མ་སྔ་མོ་དམར་སྐྱོང་རེད་འདུག་ཀྱང་རྗེས་སུ་དཀར་སྐྱོང་བཟོས་པ་ཡིན། ཞེས་སོགས་ཀྱི་དད་ལྡན་ཆོས་ཞུ་བ་གྲངས་ ༧༠༠ བརྒལ་བར་བཀའ་སློབ་ཕེབས་ཡོད་པ་བཅས་སོ།