༢༠༠༩ ཕྱི་ཟླ་ ༡༡ ཚེས་ ༡༠ རེས་གཟའཟླ་བ།
༄༅། །ཕྱི་ལོ་ ༢༠༠༩ ཟླ་ ༡༡ ཚེས་ ༩ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྟ་དབང་ས་གནས་སུ་མཁའ་འགྲོ་མ་འགྲོ་བ་བཟང་མོ་ཞེས་པའི་འཕྲོད་བསྟེན་སྨན་ཁང་གི་སྨན་པ་བསྟེན་གཏུགས་བྱེད་ཡུལ་གྱི་སྡེ་ཚན་ཞིག་དབུ་འབྱེད་དང་རབ་གནས་བཀའ་དྲིན་བསྐྱངས་པ་དང་ཆབས་ཅིག་རྟ་དབང་ཁུལ་དུ་ཉིན་གྲངས་བཞིའི་རིང་ཆོས་འབྲེལ་དབུ་འཛུགས་མཛད་ཡོད། དེ་ཡང་ཆོས་འབྲེལ་གྱི་ཐོག་མར་མགོན་པོ་གང་ཉིད་མཆོག་གིས་ཆོས་ཞུར་བཅར་བའི་དད་ལྡན་མི་མང་རྣམས་ལ་ནང་པའི་ཆོས་ཀྱི་མཚན་ཉིད་ཤེས་པའི་ཐོག་ནས་རྨོངས་དད་མ་ཡིན་པར་དུས་རབས་ཉི་ཤུ་རྩ་གཅིག་གི་ནང་པ་ཚད་ལྡན་ཞིག་བྱེད་ཐབས་དགོས་པའི་ལམ་སྟོན་བཀའ་སློབ་སྩལ་དོན། ང་རང་ཚོ་སངས་རྒྱས་ཀྱི་ཆོས་པ་ཚོས་སོ་སོའི་སངས་རྒྱས་ཀྱི་ཆོས་ཀྱི་དམིགས་བསལ་མི་འདྲ་བ་ག་རེ་ཡོད་པ་དེ་ཤེས་པ་ཞིག་བྱུང་ན། སངས་རྒྱས་ཀྱི་ཆོས་ཤེས་པའི་དད་པ་ཐོབ་པ་ཞིག་ཡོང་ཐུབ་ཀྱི་རེད། དེ་མིན་ལམ་དང་ལུགས་སྲོལ་ལྟ་བུ་བྱས་ནས་ཕྱིན་པ་ཡིན་ན། ཧ་ལམ་རྨོངས་དད་ཟེར་བ་དེ་ཆགས་རྒྱུའི་ཉེན་ཁ་ཡོད། རྩ་བའི་དད་པ་བྱེད་སའི་ཆོས་དེ་རྒྱུ་མཚན་མེད་པའི་རྨོངས་དད་འོག་ནས་འགྲོ་རྒྱུ་ཞིག་མ་རེད། ཡིནའང་དད་པ་བྱེད་མཁན་རང་ངོས་ནས་ཆོས་ཀྱི་གནས་ཚུལ་མི་ཤེས་པར་སྐྱབས་སུ་མཆི་བསམ་པ་ལྟ་བུ་བྱས་ཏེ་བསྡད་པ་ཡིན་ན། ཕལ་ཆེར་རྨོངས་དད་ཀྱི་བཟོ་ལྟ་བུ་ཆགས་ཀྱི་ཡོད། དེ་འདྲ་ཡིན་དུས་ང་རང་ཚོས་སངས་རྒྱས་པའི་ཆོས་ལ་དད་པ་ཡོད་མཁན་ཚོས་དུས་རབས་ཉི་ཤུ་རྩ་གཅིག་གི་སངས་རྒྱས་ཀྱི་ཆོས་པ་ཞིག་བྱེད་དགོས་ཀྱི་འདུག་ཅེས་ངོས་ནས་ནམ་རྒྱུན་འབོད་སྐུལ་བྱེད་ཀྱི་ཡོད། ཅེས་བཀའ་སློབ་སྩལ་ཡོད། ཡང་༸གོང་ས་མཆོག་གིས་རྟེན་འབྲེལ་བསྟོད་པའི་གསུང་ཆོས་ཀྱི་སྔོན་འགྲོའི་ཚུལ་དུ་ཀུན་སློང་སྤྱོད་པའི་ཡན་ལག་ཏུ་བྱང་ཆུབ་ཀྱི་སེམས་བསྐྱེད་སྟངས་ངོ་སྤྲོད་མཛད་དོན། ནམ་རྒྱུན་ང་ཚོའི་ཆ་སྲོལ་ལ་སངས་རྒྱས་ཆོས་ཚོགས་མ་ཚར་གསུམ་འདོན་རྒྱུའི་ཆ་སྲོལ་ཡོད་པ་ལྟར། ང་ཚོ་མཉམ་དུ་ལབ་ཤོག་ཨང་། ངོས་ནས་འདོན་འགོ་བཙུགས། ཁྱེད་ཚོས་མཉམ་དུ་ལབ་ཤོག་ཨང་། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། ཞེས་པ་དེ་སངས་རྒྱས་ཆོས་དགེ་འདུན་ལ་སྐྱབས་སུ་མཆི་རྒྱུ། དེ་ཡང་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར་དུ་སྐྱབས་སུ་མཆིས་ཀྱི་ཡོད་ཅེས་བརྗོད་སྐབས། བྱང་ཆུབ་སྙིང་པོ་མ་ཐོབ་པའི་བར་དུ་སྐྱབས་སུ་མཆི་རྒྱུ་དང་བྱང་ཆུབ་སྙིང་པོ་ཐོབ་རྒྱུའི་ཆེད་དུ་སྐྱབས་སུ་མཆི་རྒྱུ། དེ་འདྲ་ཡིན་དུས་སྐྱབས་འགྲོ་དེ་ཡང་སེམས་བསྐྱེད་དང་འབྲེལ་ཡོད་པ་ཞིག་ཆགས་ཀྱི་ཡོད། སྤྱིར་གྱི་སྐྱབས་འགྲོ་དེ་ཐེག་པ་ཆེ་ཆུང་ཐུན་མོང་བ་ཆགས་ཀྱི་ཡོད། དེ་འདྲ་ཡིན་དུས་སྤྱིར་སངས་རྒྱས་ཀྱི་ཆོས་ལ་འགྲོ་རྒྱུར་སྐྱབས་འགྲོ་བྱས། ནང་གསེས་ཐེག་ཆེན་གྱི་ཆོས་ལ་འགྲོ་རྒྱུར་སེམས་བསྐྱེད་བྱས། དེ་ནས་བདག་གིས་སྦྱིན་སོགས་བགྱིས་པའི་ཚོགས་རྣམས་ཀྱིས། འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག ཟེར་བ་དེ་བདག་གི་སྦྱིན་པ་ལ་སོགས་པའི་དགེ་རྩ་བསགས་བཞག་པ་དེ་དག་ཚང་མ་འགྲོ་བ་སེམས་ཅན་ལ་ཕན་པའི་ཆེད་དུ་རྣམ་མཁྱེན་རྒྱལ་བའི་གོ་འཕང་ཐོབ་པའི་རྒྱུ་འགྱུར་བ་ཤོག་འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག ཅེས་ནང་ཆོས་ངོ་སྤྲོད་གྲུབ་མཚམས་རྟེན་འབྲེལ་བསྟོད་པའི་གསུང་ཆོས་དངོས་གཞི་དབུ་འཛུགས་མཛད་ཡོད།
ད་རེས་རྟ་དབང་ཁུལ་གྱི་ཉིན་གྲངས་བཞི་རིང་གི་གསུང་ཆོས་ཞུ་བ་བཅར་མཁན་ས་གནས་མོན་རིགས་དང་། འབྲུག་པ། བྱང་ཤར་ཁུལ་དུ་ཡོད་པའི་བོད་པ། དེ་བཞིན་བལ་ཡུལ་དང་ཤར་པ་སོགས་ཁྱོན་ཆོས་ཞུ་བ་མི་གྲངས་ ༤༠༠༠༠ ཙམ་བཅར་ཡོད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༠༣ ལོར་གོང་འཁོད་ཀྱི་སྨན་པ་བསྟེན་གཏུགས་བྱེད་ཡུལ་གྱི་སྨན་ཁང་དེའི་སྡེ་ཚན་ཆེད་ཧིན་སྒོར་འབུམ་ ༢༠ ཞལ་འདེབས་སུ་གསོལ་སྩལ་གནང་ཡོད་པ་བཅས་ཀྱི་གནས་བསྡུས་སུ།