༢༠༠༩ ཕྱི་ཟླ་ ༡༡ ཚེས་ ༢༥ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༠༩ ཟླ་ ༡༡ ཚེས་ ༢༣ ནས་ ༢༤ བར་ཉིན་གཉིས་རིང་བོད་གཞུང་ཆོས་རིག་ལས་ཁུངས་ནས་གོ་སྒྲིག་ཞུས་ཐོག་བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་པའི་བསྟན་བདག་བླ་ཆེན་རྣམ་པའི་དབུ་ཁྲིད་འོག་རྒྱ་བལ་འབྲུག་གསུམ་དང་ཧི་མ་ལ་ཡའི་རི་རྒྱུད་ཁུལ་གྱི་བླ་སྤྲུལ་དང་དགེ་བཤེས་རྣམ་པ། མཁས་དབང་རྣམ་པ། དགོན་སྡེའི་སྐུ་ཚབ་རྣམ་པ་བཅས་ལ་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་ལྷན་ཚོགས་ཤིག་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཉེ་འཁོར་གུར་ག་འོང་དུ་ཚོགས་ཡོད། དེ་ཡང་སྔ་དྲོ་ཆུ་ཚོད་ ༩།༡༥ ཐོག་སྐུ་མགྲོན་དང་ཚོགས་མི་རྣམ་པ་དུ་བཞུགས་གྲལ་དུ་འཁོད་རྗེས་ཆུ་ཚོད་ ༩།༣༠ ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལྷན་ཚོགས་དེར་ཆིབས་སྒྱུར་གྱིས་སྣང་གསལ་ཞལ་ཕྱེ་བཀའ་དྲིན་བསྐྱངས་གྲུབ་མཚམས་ཆོག་གྲྭ་རྣམས་ནས་ཤིས་བརྗོད་གསུང་སྐབས་རྟེན་འབྱུང་གསོལ་ཇ་དང་འབྲས་སིལ་འདེགས་འབུལ་ཞུས།
དེ་རྗེས་བོད་གཞུང་ཆོས་རིག་བཀའ་བློན་མཆོག་ནས་༸གོང་ས་མཆོག་ལ་དཀར་གཙང་མཇལ་དར་འབུལ་ལམ་ཞུས་རྗེས་ཚོགས་འདུའི་ངོ་སྤྲོད་གསུང་བཤད་གནང་དོན། འཛམ་གླིང་གི་མཐོ་སྒང་བོད་དང་ཧི་མ་ལ་ཡའི་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་དེ་ནི་རྒྱལ་སྤྱི་དང་ལྷག་པར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གི་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་འགྲོ་བ་སེམས་ཅན་རྣམས་འཚོ་གནས་ཡོང་རྒྱུའི་ཆེད་དུ་ཡིན་པ་སོགས་ཀྱི་གསུང་བཤད་གནང་ཡོད། དེ་ནས་བཀའ་ཁྲི་མཆོག་ནས་བཀའ་ཤག་གིས་གསུང་བཤད་གནང་དོན། དེ་རིང་འདིར་དུས་ཚོད་ཐུང་ངུ་ཞིག་གི་ནང་ཚོགས་དགོས་པའི་རྒྱུ་མཚན་དེ་ཡང་ཕྱི་ཟླ་ ༡༢ ནང་ (Copenhagen) ལ་འཛམ་གླིང་ཁོར་ཡུག་གི་ཚོགས་ཆེན་གལ་གནད་ཅན་དེ་ཚོགས་ཀྱི་ཡོད་པ་ཡིན་ཙང་དེའི་སྔོན་ལ་ང་རང་ཚོས་རང་འགུལ་གྱི་ལས་དོན་ག་རེ་བྱེད་དགོས་ཀྱི་ཡོད་པ་དང་། སྤྱིར་ཧི་མ་ལ་ཡའི་ཁོར་ཡུག་གི་གནས་བབ་ཐོག་ལ་གལ་གནད་གང་ཙམ་ཡོད་པ་སོགས་ང་ཚོའི་འབོད་སྒྲ་དེ་ (Copenhagen) ཚོགས་ཆེན་དེར་སླེབས་ཐུབ་པ་བྱུང་བ་ཡིན་ན། ཕྲན་བུ་ཕན་ཐོགས་ཡོང་གི་རེད་བསམ་སྟེ་དུས་ཚོད་ཐུང་ངུ་ཞིག་ལ་མགྱོགས་པོ་ཚོགས་དགོས་པའི་རྒྱུ་མཚན་དེ་འདྲ་ཞིག་ཆགས་ཀྱི་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་རྗེས་དཔལ་སུན་དར་ལལ་བྷ་ཧུ་གུ་ན་མཆོག་ Sundar Lal Bahuguan ནས་གསུང་བཤད་གནང་དོན། ༸གོང་ས་མཆོག་གིས་སྟོན་པ་ཤཱཀྱ་ཐུབ་པའི་སྙིང་རྗེ་དང་བདག་ཉིད་ཆེན་པོ་གྷན་ལྷིའི་འཚེ་བ་མེད་པ་དེ་གཉིས་ཟུང་འབྲེལ་གྱི་ཉམས་བཞེས་གནང་གི་ཡོད། མགོན་པོ་གང་ཉིད་མཆོག་ནི་དཀའ་རྙོག་ཆེ་བའི་འཛམ་གླིང་གི་མི་འདི་དག་འཚོ་གནས་ཐུབ་ཐབས་དང་ཁོར་ཡུག་ཧ་ཅང་ཉམས་ཆག་ཕྱིན་པའི་གནས་སྐབས་འདི་འདྲ་ཞིག་ལ་སྐྱེ་འགྲོ་རྣམས་འཚོ་ཐབས་ཆེད་དུ་གསོས་སྨན་དང་སྒྲོན་མེ་ལྟ་བུར་འགྱུར་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད། དེ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁོར་ཡུག་སྲུང་སྐྱོབ་སྐོར་ལ་བཀའ་སློབ་སྩལ་དོན། རྒྱུ་མཚན་མང་པོ་ཞུ་རྒྱུ་མི་འདུག རྩ་བ་འཛམ་གླིང་སྟེང་ཁོར་ཡུག་འདི་གལ་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་ཀུན་གསལ་རེད། ཐད་ཀར་ང་ཚོར་འབྲེལ་བ་ཡོད་པ་ཞིག་ང་ཚོས་ཕྲན་བུ་བྱེད་ཐུབ་རྒྱུ་དེ་གང་ཡོད་ཅེ་ན། ཧི་མ་ལ་ཡའི་རི་རྒྱུད་དེ་དག་ཏུ་ཕྲན་བུ་ཕྲན་བུ་བྱེད་ཐུབ་རྒྱུའི་གོ་སྐབས་ཤིག་ཡོད་པ་རེད། བོད་ནང་ལ་བྱེད་དགོས་རྒྱུ་མང་པོ་ཞིག་ཡོད། ཡིན་ཡང་རང་དབང་ལྡན་པ་ཞིག་མེད་སྟབས་ཁག་པོ་རེད།
འདི་ག་རང་དབང་ནང་ལ་ཡོད་པའི་ཧི་མ་ལ་ཡའི་མི་ཚོས་ཕྲན་བུ་ཞབས་འདེགས་བསྒྲུབ་རྒྱུའི་གོ་སྐབས་ཡོད་པ་དེ་ང་ཚོས་ངེས་པར་དུ་ལག་ལེན་ཐོག་བསྐྱལ་དགོས་རྒྱུ་ཞིག་དང་དེ་ཡོང་བར་སྔོན་ལ་ཁོར་ཡུག་གི་གནས་ཚུལ་དེ་གལ་ཆེན་པོ་ཡིན་པ་ཤེས་དགོས་ཀྱི་ཡོད། ང་ཚོས་བྱེད་རྒྱུ་ཡོད་པ་དེ་ཡང་ཤེས་དགོས་ཀྱི་ཡོད། ངོས་ལ་ཆ་བཞག་ན། བོད་ནང་སྡོད་སྐབས་ཁོར་ཡུག་གི་གནས་ཚུལ་གོ་མ་མྱོང་ལ་དོ་སྣང་མེད། རིམ་པས་རྒྱ་གར་དུ་འབྱོར་རྗེས་ཁོར་ཡུག་སྐོར་ལ་དོ་སྣང་དང་ཁོར་ཡུག་སྐོར་གྱི་མཁས་པ་དེ་འདྲ་ཐུག་སྐབས་དངོས་གནས་གནས་ཚུལ་ཛ་དྲག་ཡིན་པ་ཞིག་རེད་འདུག གང་ལྟར་སོ་སོའི་རང་ཁྱིམ་ལ་སྲུང་སྐྱོབ་བྱེད་ཀྱི་ཡོད་པ་ལྟ་བུ་ཞིག་རེད། དེ་འདྲ་ཡིན་དུས་དོ་སྣང་སླེབས་ཏེ་མི་ལ་ཡང་འབོད་སྐུལ་བྱེད་ཀྱི་ཡོད། དེ་བྱེད་རྒྱུ་ནི་ཐོག་མར་མི་ཤེས་པའི་ས་དེ་ནས་གནས་ཚུལ་དེ་ཤེས་ཏེ་གནས་ཚུལ་དེ་ལ་གོ་རྟོགས་བྱུང་ཏེ་དེ་ལ་དོ་སྣང་སླེབས་པ་རེད། ང་ཚོ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ས་ཁུལ་དེ་དག་ལ་གོ་རྟོགས་དགོས་རྒྱུ་དཔེ་གལ་ཆེན་པོ་རེད་འདུག སྔོན་ལ་མི་མང་ཚོས་ང་ཚོ་བོད་ཀྱིི་ནང་པའི་སྤྱི་ཚོགས་ནང་དགོན་པ་འདུག གང་ལྟར་གལ་ཆེན་པོ་ཆགས་ཀྱི་ཡོད། དགོན་པ་ཚོས་སྣེ་འཁྲིད་དེ་ལམ་སྟོན་བྱེད་རྒྱུ་ལྟ་བུ་ཞིག་བྱུང་བ་ཡིན་ན། ནུས་པ་ཡོད་པ་ཞིག་དང་ཐད་ཀར་འབྲེལ་བ་ཡོད་པ་ཞིག་ཡོང་གི་འདུག དེ་འདྲ་ཡིན་དུས་དགོན་སྡེ་ཁག་གི་མི་སྣ་དེ་དག་འཛོམས་ཏེ་ང་ཚོས་གོ་བསྡུར་བྱེད་ཀྱི་ཡིན་ན་ཡག་པོ་མི་ཡོང་ངམ་ཞེས་པའི་བསམ་ཚུལ་དེ་རེད། ཞིབ་ཕྲའི་གནས་ཚུལ་ངོས་ནས་ཤེས་ཀྱི་མེད་ལ་ཞིབ་ཕྲ་ཞུ་ཐུབ་རྒྱུ་ཡང་མི་འདུག ད་ལྟའི་བཀའ་ཤག་གི་གསུང་བཤད་དེ་ཡག་པོ་འདུག ཀརྨ་པ་རིན་པོ་ཆེས་སྔོན་མ་ནས་འབོད་སྐུལ་གནང་བ་དེ་ཚོའི་གྲས་ཡག་པོ་འདུག ད་དུང་ང་ཚོས་དེའི་ཐོག་ལ་ལས་གཞི་སྣོན་རྒྱུ་དང་ཁ་ཡོད་ལག་ཡོད་ལག་ལེན་བསྐྱལ་ནས་བྱེད་ཐུབ་རྒྱུ་ག་རེ་ག་རེ་འདུག དེ་རིང་སང་ཉིན་ཁྱེད་ཚོ་གྲོས་བསྡུར་བྱེད་ཀྱི་ཡོད་པ་རེད། དེའི་ཐོག་ལ་ང་ཚོ་འདིར་གཏམ་འདྲ་ཆགས་པོ་བཤད། ཡིག་ཆ་འདྲ་ཆགས་པོ་འཇོག་རྒྱུའི་དོན་དག་མ་རེད། ཁ་ཡོད་ལག་ཡོད་ཀྱི་ག་རེ་བྱེད་ཐུབ་རྒྱུ་འདུག དེའི་ཐོག་ལ་གོ་བསྡུར་བྱས། ཁ་ཡོད་ལག་ཡོད་ཀྱི་ག་རེ་བྱེད་ཐུབ་རྒྱུ་ཡོད་པ་དེ་དག་གོ་བསྡུར་བྱས་པའི་རྗེས་འབྲས་དེ་ས་གནས་ས་ཐོག་ལ་ལག་ལེན་བསྐྱལ་ཐུབ་པ་ཞིག་དང་འབྱུང་འགྱུར་ལོ་གཉིས་གསུམ་ནང་ཚུན་ལ་ག་རེ་ག་རེ་བྱ་རྒྱུ་འདུག དེ་ནས་ལོ་གཅིག་གཉིས་ཕྱིན་པའི་མཚམས་ལ་དངོས་གནས་གྲུབ་འབྲས་དང་ནུས་པ་ཐོན་པ་ཞིག་མཐོང་རྒྱུ་ཡོད་པ་ཞིག་བྱུང་ན་ཡག་པོ་རེད། དེ་ཁྱེད་རང་ཚོ་ཚང་མས་ཐུགས་ལ་འཇགས་རོགས་གནང་ཞུ་རྒྱུ་ཡིན། ཞེས་བཀའ་སློབ་ཕེབས་ཡོད།
དེ་རྗེས་ཆོས་རིག་དྲུང་ཆེ་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་ཡོད། ད་རེས་ཀྱི་ལྷན་ཚོགས་དེར་གཡུང་དྲུང་བོན་གྱི་སྨན་རི་ཁྲི་འཛིན་རིན་པོ་ཆེ་མཆོག་གི་དབུས་པའི་ཆོས་བརྒྱུད་ཆེན་པོ་བཞི་དང་བླ་ཆེན་ཁག་གི་སྐུ་ཚབ་རྣམ་པ། དེ་བཞིན་རྒྱལ་བལ་འབྲུག་གསུམ་གྱི་ཆོས་བརྒྱུད་སོ་སོ་ནས་སྐུ་ཚབ། མཚོ་སྣ་རིན་པོ་ཆེ་མཆོག་དང་ལོ་ཆེན་རིན་པོ་ཆེ་མཆོག གཞན་ཡང་དགོན་སྡེ་ཁག་གི་སྐུ་ཚབ་བཅས་ཁྱོན་བསྡོམས་ཚོགས་བཅར་བ་མི་གྲངས་ ༨༠༠ བརྒལ་བ་འདུ་འཛོམས་བྱུང་ཡོད་པ་བཅས་སོ།