༢༠༠༩ ཕྱི་ཟླ་ ༡༡ ཚེས་ ༢༥ རེས་གཟའ་ལྷག་པ།
༄༅། །ཨུ་རུ་སུའི་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་ཡོད་པའི་ནང་པའི་ས་ཁུལ་ཁག་ཁལ་མུཀ་དང་། ཐུ་ཝ། བྷུ་ར་ཡ་གསུམ་གྱི་དབུས་པའི་ཨུ་རུ་སུ་དང་། སོག་པོ། ཁ་ཛག་ཀིས་ཐན་སོགས་ཀྱི་དད་ལྡན་ཆོས་ཞུ་བ་རྣམས་ནས་༸གོང་ས་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་ཕྱི་ལོ་ ༢༠༠༩ ཟླ་ ༡༡ ཚེས་ ༢༤ ཉིན་ཆུ་ཚོད་ ༩།༣༠ ཐོག་ཀལ་མུཀ་ནང་བསྟན་གྱི་གཙོ་འཛིན་ཏེ་ལོ་རིན་པོ་ཆེ་མཆོག་དང་། ཡེ་ཤེས་བློ་གྲོས་རིན་པོ་ཆེ་རྣམ་པ་གཉིས་ཀྱིས་ཕོ་བྲང་གཟིམ་ཆུང་ནས་དྲི་བཟང་སྤོ་སྣེས་སྔོན་བསུས་ཏེ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གདན་ཞུ་དང་སྦྲགས་བཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་འཁོད་རྗེས་༸གོང་ས་མཆོག་ནས་སྔོན་འགྲོའི་ཆོས་འབྲེལ་སྐབས་བཀའ་སློབ་ཕེབས་དོན།
ཞོགས་པ་བདེ་ལེགས། དེ་རིང་འདིར་གཙོ་བོ་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ནས་མི་མང་པོ་ཞིག་ཕེབས་ཡོད། དེ་བཞིན་སྤྱི་མཐུན་རྒྱལ་ཁབ་ཁག་དཔེར་ན་བྷུ་ར་ཡ་རང་བཙན་རྒྱལ་ཁབ་སོགས་ནས་ཡིན་པས་ངོས་ཀྱི་ཆོས་བཤད་དེ་གཙོ་བོ་ཨུ་རུ་སུའི་སྐད་ཀྱི་ཐོག་ནས་སྒྱུར་རྒྱུ་ཡིན་པ་རེད། གང་ལྟར་ངོས་རང་དགའ་པོ་ཞེ་དྲག་བྱུང་། ནང་ཆོས་དེ་རྩ་བའི་ཨེ་ཤི་ཡ་ནས་བྱུང་བའི་ཆོས་ཤིག་ཆགས་ཡོད། ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོངས་སུ་གཏོགས་པའི་རྒྱལ་ཁབ་མང་པོ་ཞིག་ཨེ་ཤི་ཡའི་མངའ་ཁོངས་སུ་ཡོད། ལོ་བརྒྱ་ཕྲག་མང་པོའི་རིང་རྒྱལ་ཁབ་དེ་ཚོའི་ནང་ནང་དུ་ཆོས་དར་ཁྱབ་ཆེན་པོ་བྱུང་བའི་ཆོས་ལུགས་གཙོ་གྲས་ཤིག་ཆགས་ཡོད། དམིགས་བསལ་གྱི་གནས་སྟངས་ཤིག་ཡོད་པ་དེ་སོག་ཡུལ། ཨུ་རུ་སུའི་སྤྱི་མཐུན་རྒྱལ་ཁབ་དཔེར་ན། བྷུ་ར་ཡ། ཁལ་མུཀ། ཐུ་ཝ་སོགས་པའི་རྒྱལ་ཁབ་དེ་ཚོའི་ནང་གི་ནང་ཆོས་དེ་བོད་ནས་དར་ཁྱབ་བྱུང་བ་ཞིག་རེད། རྒྱ་གར་ནས་བོད་དུ་དར་ཁྱབ་བྱུང་བ་དང་བོད་ནས་རྒྱལ་ཁབ་དེ་ཚོའི་ནང་དར་བ་ཞིག་ཆགས་ཡོད། ངོས་རང་ཐོག་མར་ཕྱི་ལོ་ ༡༩༧༩ བྷུ་ར་ཡའི་རྒྱལ་ས་ཨུ་ལན་ཨུ་ཌེ་ (Ulan Ude) དང་། དེ་བཞིན་སོག་པོའི་རྒྱལ་ས་ཨུ་ལན་བྷ་ཧཱ་དུར་(Ulan Bahadur) བཅས་ས་གནས་དེ་གཉིས་ནང་བསྐྱོད་སྐབས་ས་གནས་དེ་དག་ཨུ་རུ་སུའི་དམར་པོའི་སྲིད་དབང་འོག་གནས་ཡོད། སྐབས་དེར་སོག་པོ་ཡང་དམར་པོའི་རྒྱལ་ཁབ་གཅིག་ཡིན་པས་ཆོས་ལ་དམ་བསྒྲགས་བྱེད་ཀྱི་ཡོད་པ་དེ་གསལ་པོ་འདུག སྐབས་དེར་ས་གནས་གཉིས་ཀའི་ནང་དགེ་འདུན་པ་བགྲེས་པ་ཁག་གཅིག་དང་ངོས་རང་ཐུག་ཕྲད་བྱ་རྒྱུ་བྱུང་བས་སྐབས་ངོས་ཁོང་ཚོ་དང་སྐད་རིགས་མི་འདྲ་བར་བརྟེན་སྐད་ཀྱི་གོ་བརྡ་འཕྲོད་མི་ཐུབ་ནའང་ངོས་ཀྱི་བོད་ཡིག་བྲིས་ནས་ཁོང་ཚོར་སྟོན་སྐབས་ཁོང་ཚོས་ཀློག་ཐུབ་པ་མ་ཟད། ལན་འདེབས་ཀྱང་བོད་ཡིག་ནང་བྲིས་ཐུབ་ཀྱི་འདུག ཁོང་ཚོས་བོད་སྐད་ཤོད་མི་ཐུབ་ནའང་བོད་ཡིག་བྲིས་ཐུབ་ཀྱི་འདུག ཁོང་ཚོས་ཞལ་འདོན་བོད་ཡིག་ཐོག་འདོན་བཞིན་ཡོད། དེས་གང་མཚོན་ཐུབ་ཀྱི་ཡོད་བརྗོད་ན་ལོ་བཅུ་ཕྲག་རིང་ལ་ས་ཁུལ་དེ་དག་བོད་དང་རྩ་བའི་ཆ་ནས་འབྲེལ་བ་ཆད་ཡོད་ནའང་ལོ་ངོ་བརྒྱ་ཕྲག་རིང་བོད་དང་འབྲེལ་བ་བྱུང་ཡོད་པར་བརྟེན་ས་ཁུལ་དེ་དག་ནང་ཡོད་པའི་མི་མང་ཚོས་བོད་ཡིག་ཀློག་ཐུབ་པ་དང་ཞལ་འདོན་འདོན་ཐུབ་པ་སོགས་ཡོད།
ས་ཁུལ་དེ་དག་དང་ཏཱ་ལའི་བླ་མའི་དབར་དམིགས་བསལ་འབྲེལ་བ་ཡོད། ཏཱ་ལ་ཞེས་པའི་ཚིག་དེ་སོག་པོའི་ཚིག་གཅིག་རེད། ༸གོང་ས་སྐུ་ཕྲེང་གསུམ་པའི་སྐབས་ས་ཁུལ་དེ་དག་ནང་༸ཞབས་སོར་འཁོད་ཡོད་པ་དེ་ནས་བཟུང་དམིགས་བསལ་འབྲེལ་བ་ཆགས་ཡོད། ༸གོང་ས་སྐུ་ཕྲེང་ ༡༣ དང་ཨུ་རུ་སུའི་རྒྱལ་པོ་ (Czar) དང་ཆོས་སྲིད་ཀྱི་འབྲེལ་བ་བྱུང་ཡོད། ངོས་རང་སེན་པི་ཊར་སི་བྷག (Saint Petersburg) ཟེར་བ་སྐབས་དེ་དུས་ལེ་ནིན་གྷེ་རེ་ཌི་ (Leningrade) ཟེར་གྱི་ཡོད་པ་དེར་བསྐྱོད་སྐབས་ནང་པའི་དགོན་པ་ཞིག་འདུག་པ་དེ་རྩ་བའི་༸གོང་ས་སྐུ་ཕྲེང་ ༡༣ པ་ཆེན་པོའི་མཐུན་འགྱུར་མཛད་ནས་བརྒྱབ་པ་ཞིག་རེད་འདུག དེར་བརྟེན་ང་ཚོ་ཕན་ཚུན་དབར་དམིགས་བསལ་འབྲེལ་བ་ཆགས་ཡོད། ད་ཆ་ས་ཁུལ་དེ་ཚོའི་ནང་རང་དབང་བསྐྱར་གསོ་བྱུང་ཡོད་པས་ཆོས་ལུགས་རྣམས་ཉམས་པ་སླར་གསོ་ཡོང་བཞིན་ཡོད། ནང་ཆོས་དེ་ཡང་བསྐྱར་དུ་དར་ཁྱབ་ཡོང་བཞིན་ཡོད། དེ་རིང་ངོས་ཀྱིས་ནང་ཆོས་སྐོར་ཤོད་རྒྱུ་བྱུང་བ་དེའི་ཐོག་ནས་ང་ཚོ་ཕན་ཚུན་ལོ་ངོ་བརྒྱ་ཕྲག་རིང་ནས་ཡོད་པའི་འབྲེལ་བ་དེ་སླར་གསོ་ཐུབ་རྒྱུར་ཕན་ཐོགས་བྱུང་བར་ངོས་རང་ཞེ་དྲག་དགའ་པོ་བྱུང་ཞེས་སོགས་ཀྱི་བཀའ་སློབ་ཟབ་མོ་སྩལ་ཡོད།
ཉིན་གསུམ་གྱི་གསུང་ཆོས་སྐབས་ཐོག་མར་ཕྱི་ཚེས་ ༢༤ ཉིན་སྔོན་འགྲོའི་གསུང་ཆོས་སུ་ལམ་གཙོ་རྣམ་གསུམ་དང་རྟེན་འབྲེལ་བསྟོད་པ་གཉིས་སྩལ་གནང་བ་དང་། ཕྱི་ཚེས་ ༢༥ ཉིན་གྱི་སྔ་དྲོ་སྒྲུབ་བཞག་སྔོན་སོང་གིས་འཇིགས་བྱེད་ལྷ་བཅུ་གསུམ་གྱི་སྟ་གོན་སྩལ་གནང་ཏེ། ཕྱི་དྲོ་ཨུ་རུ་སུའི་ཆོས་ཞུ་བ་རྣམས་དང་དྲི་བ་དྲི་ལན་གནང་ཡོད། ཕྱི་ཚེས་ ༢༦ ཉིན་གྱི་སྔ་དྲོ་ནས་སྒྲུབ་བཞག་སྔོན་སོང་གིས་འཇིགས་བྱེད་ལྷ་བཅུ་གསུམ་གྱི་བཀའ་དབང་དངོས་གཞི་སྩལ་གནང་མཛད་རྒྱུ་ཡིན། ད་རེས་གསུང་ཆོས་སྐབས་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་ཡོད་པའི་ནང་པའི་ས་ཁུལ་ཁལ་མུཀ་དང་། ཐུ་ཝ། བྷུ་ར་ཡ་གསུམ་གྱི་དབུས་པའི་ཨུ་རུ་སུ་དང་། སོག་པོ། ཁ་ཛ་ཀི་སི་ཐན་སོགས་ནས་མི་གྲངས་ ༧༥༠ དང་ཕྱི་རྒྱལ་ཡུལ་གྲུ་ཁག ༥༠ ནས་མི་གྲངས་ ༦༠༥ དང་སེར་སྐྱ་མི་མང་བཅས་ཁྱོན་མི་གྲངས་ ༣༠༠༠ བརྒལ་བ་གསུང་ཆོས་སུ་བཅར་ཡོད་པའི་གནས་བསྡུས་སུ།