༢༠༠༩ ཕྱི་ཟླ་ ༡༡ ཚེས་ ༡༢ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༠༩ ཟླ་ ༡༡ ཚེས་ ༡༡ ཉིན་མོན་རྟ་དབང་ཁུལ་གྱི་ཆོས་འབྲེལ་ཉིན་གསུམ་པའི་སྐབས་དད་ལྡན་ཆོས་ཞུ་བ་ ༤༠༠༠༠ བརྒལ་བར་༸གོང་ས་མཆོག་གིས་སངས་རྒྱས་ཀྱི་ཆོས་ཤེས་ནས་དད་པ་ཐོབ་པའི་ཐོག་ཆོས་བརྒྱུད་ནང་ཕན་ཚུན་ཐུགས་མཐུན་ཁྲིམས་གཙང་དགོས་སྐོར་ལམ་སྟོན་བཀའ་སློབ་སྩལ་དོན། སྤྱིར་བཏང་བོད་གངས་ཅན་ལྗོངས་ལ་བསྟན་པ་ཉམས་རྒྱུའི་རྐྱེན་གཅིག་དེ་སངས་རྒྱས་བཅོམ་ལྡན་འདས་ཀྱི་དགེ་ཕྲུག་ནང་ཚགས་གཅིག་ཡིན་བཞིན་དུ་ང་ཚོ་དང་ཁྱོད་ཚོ་ཞེས་གྲུབ་མཐའི་ཕྱོགས་རིས་བྱེད་རྒྱུ་འདི་བསྟན་པ་ནུབ་རྒྱུའི་ཆ་རྐྱེན་གཙོ་བོ་ཞིག་ཡིན་པས་དཔེ་ཐབས་སྐྱོ་པོ་རེད། དེ་འདྲ་ཡིན་དུས་གངས་ཅན་ཤིང་རྟ་ཉེར་ལྔའི་གསོལ་འདེབས་འདི་ལྟ་བུ་དུས་དུས་སུ་བྱུང་ན་རྒྱུན་འདོན་འདྲ་པོ་བྱས་པ་ཡིན་ན་བསམ་བློའི་ནང་ས་དགེ་བཀའ་རྙིང་རིས་སུ་མ་ཕྱེ་པ་དེ་དག་དངོས་གནས་དྲང་གནས་བསྟན་པ་དང་འགྲོ་བའི་དོན་དུ་མཛད་རྗེས་ཆེན་པོ་ཡོད་པ་དེ་དག་བློ་ལ་ཤར་ནས་དད་པ་སྦྱངས་པ་ཡིན་ན་པཌྷ་ཆེན་བློ་བཟང་ཆོས་རྒྱན་གྱིས་གསུངས་པ་ལྟར། དང་སྣང་ནོར་བུའི་འོད་ཀྱིས་ཁྱབ། ཅེས་གསུངས་པ་བཞིན་ཡོང་གི་རེད། དེ་འདྲ་ཡིན་དུས་གངས་ཅན་ཤིང་རྟ་ཉེར་ལྔའི་གསོལ་འདེབས་འདོན་དགོས་པའི་རྒྱུ་མཚན་འདི་འདྲ་ཡིན། མོན་ཁུལ་ལ་ཆ་བཞག་ན་རྟ་དབང་དགོན་པ་དགེ་ལུགས་ཆགས་ཡོད། དེ་མིན་རྙིང་མ་དང་བཀའ་བརྒྱུད་དགོན་པ་ཡང་ཡོད། ས་སྐྱའི་དགོན་པ་ཡོད་མིན་མི་ཤེས། དེ་བཞིན་ཁྱིམ་མཚེས་ལ་ཆ་བཞག་ན་འབྲུག་ཡོད་པ་རེད། འབྲུག་ནང་བཀའ་རྙིང་གཉིས་གཙོ་བོ་ཡིན་པ་རེད། དགེ་ལུགས་དགོན་པ་དེ་འདྲའང་ཡོད་པ་རེད། ས་སྐྱའི་དགོན་པ་ཡོད་ན་མེད་ན། གང་ལྟར་ནུབ་ལ་དྭགས་བར་གྱི་ས་ཁུལ་དེ་དག་ལ་བོད་གངས་ཅན་ལྗོངས་ཀྱི་ས་དགེ་བཀའ་རྙིང་ཐམས་ཅད་ཀྱི་ཕྱག་བཞེས་དང་། ཉམས་བཞེས་སྲོལ་རྒྱུན་ཡོད་པ་ཞིག་ཆགས་ཡོད། བྱས་ཙང་ང་ཚོ་ཐུགས་མཐུན་ཁྲིམས་གཙང་དགོས་རྒྱུ་དེ་གལ་ཆེན་པོ་ཞེ་དྲག་རེད། སངས་རྒྱས་ཀྱི་ཆོས་ཤེས་ནས་དད་པ་ཐོབ་པ་ཞིག་བྱུང་ན་གནད་འགག་དེ་དག་མཐོང་ཐུབ་ཀྱི་རེད། སངས་རྒྱས་ཀྱི་ཆོས་ཀྱི་གནས་ཚུལ་ཡག་པོ་མ་ཤེས་པ་བྱས། ཞྭ་མོ་སེར་པོ་དང་དམར་པོ་གྱོན་མཁན་དེ་འདྲའི་ཐོག་ནས་གྲུབ་མཐའི་དབྱེ་བ་འབྱེད་དགོས་བྱུང་ན་འུ་ཐུག་པའི་ལས་ཀ་རེད། ང་ཚོ་དང་ཁྱོད་ཚོ་ཞེས་ཤོད་རྒྱུ་དེ་འདྲ་ཡོང་གི་འདུག ས་ཁུལ་འདིར་ཆ་བཞག་ན་ཐུགས་མཐུན་ཁྲིམས་གཙང་ཡག་པོ་ཡོད་པ་འདྲ་པོ་འདུག ད་དུང་ཚང་མས་ཐུགས་མཐུན་ཁྲིམས་གཙང་ཡག་པོ་ཞིག་གནང་རོགས་ཞུ་རྒྱུ་ཡིན། ཞེས་སོགས་བཀའ་སྩལ།
སྐབས་དེར་མགོན་པོ་གང་ཉིད་ཀྱིས་པཌྷ་གྲུབ་བཅུ་བདུན་གྱི་གསོལ་འདེབས་ལྗགས་རྩོོམ་མཛད་དགོས་པའི་གནད་འགག་དང་དེ་བཞིན་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་དེ་བློ་གཟུ་བོར་གནས་ཏེ་ལུང་གིས་བསྒྲུབ་པ་ཞིག་མིན་པར་རིག་པས་བསྒྲུབ་དགོས་པའི་དུས་ཤིག་ལ་སླེབས་ཡོད་སྐོར་བཀའ་སྩལ་དོན། བློ་གཟུ་བོར་གནས་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད། འདི་ང་རང་གི་ཆོས་ཡིན་ཞེས་ཞེན་ཁོག་བྱས་པ་ཡིན་ན་བདེན་པའི་གནས་ཚུལ་ཤེས་ཀྱི་མེད། བློ་གཟུ་བོར་མ་གནས་པ་ཞིག་ཡིན་པས་ཕྱོགས་སུ་ལྷུང་བ་ཞིག་རེད། ཕྱོགས་སུ་ལྷུང་བའི་སེམས་གདུང་བས། ཞི་བ་ནམ་ཡང་རྟོགས་མི་འགྱུར། ཞེས་ཞི་བརྒྱ་པའི་ནང་གསུངས་ཡོད། དེ་འདྲ་ཡིན་དུས་བློ་གཟུ་བོར་གནས་པ་ཞིག་དགོས། སངས་རྒྱས་པའི་ཆོས་ཞེས་པ་འདི་རིག་པས་དཔྱད་བྱས་ནས་བསམ་བློ་གཏོང་རྒྱུ་ཡོད་པ་ཞིག་ཡིན་དུས་རིག་པས་དཔྱད་པ་བྱེད་པར་སྔོན་ལ་བློ་གཟུ་བོར་གནས་པ་ཞིག་དགོས་ཀྱི་ཡོད། གང་ཡིན་ནའང་འཕྲད་ཀྱི་རེད་བསམ་པ་ཞིག་དགོས། སྐྱེ་བ་སྔ་ཕྱི་མེད་པ་ཞིག་ཀྱང་འཕྲད་ཀྱི་རེད་བསམ་པ་གཅིག་གི་ཐོག་ནས་བློ་གཟུ་བོར་གནས་པ་གཅིག་གི་སྒོ་ནས་གང་ཡིན་རུང་འཕྲད་ཀྱི་རེད་བསམ་པའི་ཐོག་ནས་བརྟག་དཔྱད་བྱེད་རྒྱུ་དེ་གལ་ཆེན་པོ་རེད་འདུག བརྟག་དཔྱད་བྱེད་པ་ལ་ཐེ་ཚོམ་དགོས། ཡིན་དང་ཡིན། ལོས་ཡིན་ཞེས་ལབ་པ་ཡིན་ན་བརྟག་དཔྱད་བྱེད་ཀྱི་མ་རེད། གང་འདྲ་ཡིན་ན་ཞེས་ཐེ་ཚོམ་བྱུང་ན་བརྟག་དཔྱད་བྱེད་རྒྱུ་དེ་བསླེབ་ཀྱི་རེད། དཀོན་མཆོག་གསུམ་ལ་རྒྱུ་མཚན་མཐོང་བའི་སྒོ་ནས་དད་པ་སྐྱེས་པ་ཞིག་དགོས་པ་ལས་ཕ་མས་དད་པ་བྱེད་ཀྱི་འདུག་ཅེས་ལབ་ན་མ་འགྲིག་པ་རེད། སངས་རྒྱས་ཀྱི་ཆོས་རྒྱ་ཆེན་པོ་དང་རླབས་ཆེན་པོ་ཡོད་པ་དེ་བྱབ་ཆུང་ལ་ཕྱིན་པ་རེད། སྤྱིར་ཆོས་ལུགས་ཚང་མའི་ནང་དད་པ་ཡོད། ཞེ་དྲག་ཡག་པོ་རེད། འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་ཆོས་བརྒྱུད་ལ་ཆ་བཞག་ན་འཇིག་རྟེན་བཀོད་པ་པོ་ལ་མཐའ་གཅིག་ཏུ་བློ་སྙིང་བྲང་གསུམ་བསྟེན་པའི་དད་པ་རྩེ་གཅིག་ཡོད་པའི་སྐབས་ལ་འཇིག་རྟེན་བཀོད་པ་པོ་རང་ཉིད་ཀྱི་ངོ་བོ་དེ་བརྩེ་བ་མཐའ་མེད་པ་གཅིག་ཤོད་ཀྱི་ཡོད། དེ་འདྲ་ཡིན་དུས་བརྩེ་བ་མཐའ་མེད་པ་གང་ཞིག་ལ་རྩེ་གཅིག་ཏུ་བློ་སྙིང་བྲང་གསུམ་གཏད་པ་ཡིན་ན་རང་ཉིད་ཀྱང་བརྩེ་བ་ལ་ཉམས་ལེན་བྱེད་དགོས་པ་ཤུགས་ཀྱིས་ཆགས་ཀྱི་ཡོད། ཡག་པོ་འདུག ཅེས་རྒྱུ་འབྲས་ཀྱི་རྣམ་གཞག་དང་སྲུང་མ་བསྟེན་ཕྱོགས་སྐོར་ལའང་ལམ་སྟོན་བཀའ་དྲིན་ཆེ་བ་དང་ཐོག་མཐའ་མའི་ལྗགས་ལུང་དང་སྒྲོལ་དཀར་གྱི་ཚེ་དབང་བཅས་བཀྲིན་སྩལ་ཡོད་པ་དང་སྦྲགས་ཆོས་འབྲེལ་ཁག་གྲུབ་མཚམས་མོན་རྟ་དབང་གཞུང་དམངས་གཉིས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་པའི་བརྟན་བཞུགས་སྟར་འབུལ་ཞུས་ཡོད་པ་བཅས་སུ།