༢༠༠༩ ཕྱི་ཟླ་ ༡༡ ཚེས་ ༥ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༠༩ ཟླ་ ༡༡ ཚེས་ ༣ ཉིན་༸གོང་ས་མཆོག་གྲོང་ཁྱེར་མཏ་སུ་ཡ་མའི་ནང་ (Matsuyama) ཆུ་ཚོད་གཅིག་ཙམ་རིང་གསར་འགོད་ལྷན་ཚོགས་སྐབས་གསར་འགོད་པ་ཁག་གཅིག་གི་དྲི་བར་བཀའ་ལན་སྩལ་དོན། ངོས་ཀྱིས་རང་བཙན་རྩོད་ཀྱི་མེད། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་འཁོད་པའི་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཞིག་ཐོབ་ཐབས་བྱེད་ཀྱི་ཡོད། འདས་པའི་ལོ་གཅིག་ནང་རྒྱ་རིགས་མཁས་དབང་དང་རྩོམ་པ་པོ་ཁག་གཅིག་ནས་རྒྱ་གཞུང་གི་བོད་ནང་འཛིན་པའི་སྲིད་བྱུས་དེར་སྐྱོན་བརྗོད་ཀྱི་རྩོམ་ཡིག་དེ་འདྲ་མང་པོ་ཞིག་ཐོན་བཞིན་ཡོད་པ་དེ་དག་ང་ཚོར་བློ་སྤོབས་སྐྱེས་དགོས་པའི་སྔོན་རྟགས་ཤིག་རེད་ཅེས་བཀའ་ལན་ཕེབས་ཡོད། དེ་བཞིན་གསར་འགོད་པ་གཅིག་གི་དྲི་བར་བཀའ་ལན་སྩལ་དོན། བཙན་བྱོལ་དུ་ལོ་ ༥༠ ཕྱིན་པའི་རིང་བོད་ཀྱི་ཆོས་དང་ཡུལ་སྲོལ་གོམས་གཤིས་བདག་གཅེས་དང་སྲུང་སྐྱོབ་བྱ་རྒྱུའི་གོ་སྐབས་ཞིག་ཐོབ་ཡོད་པར་བརྟེན་ད་ཆ་བོད་ཀྱི་ཆོས་དང་རིག་གཞུང་དེ་དག་བོད་ནང་ལས་བཙན་བྱོལ་དུ་ཚགས་ཚུད་པར་འཛིན་སྐྱོང་བྱེད་ཐུབ་ཡོད། བཙན་བྱོལ་དུ་བོད་མི་ ༡༦༠༠༠༠ ཙམ་ཡོད་པ་དང་། དེང་དུས་གཞི་རྩའི་ཤེས་ཡོན་ཡོད་པའི་བོད་མི་གཞོན་སྐྱེས་མི་རབས་གསར་པ་ཚོས་ད་ཆ་ལས་འགན་འཁྱེར་འགོ་ཚུགས་བཞིན་ཡོད། ངོས་རང་སྒེར་ལ་མཚོན་ན་ལོ་ངོ་ ༥༠ རིང་མི་སྣ་མང་པོ་དང་ཐུག་འཕྲད་བྱུང་བའི་ཐོག་ནས་གནས་ཚུལ་མང་པོ་ཞིག་ཤེས་རྟོགས་ཐུབ་བྱུང་།
དེང་སང་འཛམ་གླིང་འདིའི་ནང་ཆོས་ལུགས་དང་། རྒྱལ་ཁབ། སྤྱི་ཚོགས་སོགས་ཀྱི་གཞི་རིམ་གཉིས་པའི་ལྟ་ཚུལ་དེ་དག་ཧ་ཅང་གལ་ཆེར་འཛིན་བཞིན་ཡོད། ངོས་རང་ས་གནས་གང་དུ་ཕྱིན་ནའང་ངོས་དང་གཅིག་མཚུངས་ཀྱི་འགྲོ་བ་མི་ཞིག་ཐུག་བྱུང་བསམ་པ་དྲན་གྱི་ཡོད། མི་ཚང་མ་འགྲོ་བ་མིའི་ཁྱིམ་ཚང་གཅིག་གི་ཆ་ཤས་ཡིན། ང་ཚོའི་བདེ་སྡུག་དེ་གཞན་ལ་རག་ལུས་ཡོད། བྱམས་བརྩེའི་བསམ་བློ་དེས་གཞན་ཕན་གྱི་ཀུན་སླློང་བསྐྲུན་གྱི་ཡོད། ཅེས་བཀའ་སྩལ། དེ་བཞིན་ཤི་ཀོ་ཀུའི་གླིང་ཕྲན་ (Shikoku Island) ནང་༸གོང་ས་མཆོག་༸ཞབས་སོར་འཁོད་ཐུབ་པ་དང་ལྷག་པར་ཉི་ཧོང་ཡུལ་གྱི་མཛེས་སྡུག་ལ་བསྔགས་བརྗོད་མཛད་ཐོག་དེར་ཡོད་ནང་པའི་དགོན་པ་ཁག་ལ་གནས་གཟིགས་ཕེབས་ཐུབ་པར་ཐུགས་དགྱེས་ཚོར་ཆེན་པོ་བྱུང་སྐོར་བཀའ་སྩལ།
དེ་རྗེས་ཉིན་རྒྱབ་༸གོང་ས་མཆོག་སྦུ་ཌོ་ཀན་རྩེད་ཐང་ཆེན་མོར་མི་ཚོགས་ ༥༣༠༠ བརྒལ་བ་འདུ་འཛོམས་བྱུང་བའི་ཐོག་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་༸གོང་ས་མཆོག་ཆིབས་སྒྱུར་བསྐྱངས་ཏེ་ཐོག་མར་སྨོན་ལམ་གསོལ་འདེབས་གནང་རྗེས། མི་ཚེ་བདེ་སྐྱིད་ལྡན་པ་ཡོང་རྒྱུའི་ཐབས་ལམ། ཞེས་པའི་བརྗོད་གཞིའི་ཐོག་མང་ཚོགས་ལ་བཀའ་སློབ་སྩལ་དོན། རང་ལ་བྱམས་བརྩེའི་བསམ་བློ་ཡོད་ན་རང་གི་བསམ་བློ་དེ་སྟོབས་ཆེན་པོ་ཞིག་དང་བརྟན་པོ་ཞིག་ཡོང་ཐུབ། དཔེར་ན་རང་གི་ལུས་ནང་ནད་གཞིར་སྔོན་འགོག་བྱེད་མཁན་གྱི་གཟུངས་ཤུགས་ཡོད་ན་ལུས་ནད་ལ་གདོང་ལེན་བྱེད་ཀྱི་ཡོད་པ་བཞིན་རང་གི་བསམ་བློ་དེ་བརྟན་པོ་ཞིག་ཡོད་ན་གདེང་སྤོབས་ཆེན་པོའི་ཐོག་ཉེན་ཁ་དང་དཀའ་ངལ་རྣམས་ལ་ཁ་གཏད་གཅོག་ཐུབ་རྒྱུ་རེད། དེ་བཞིན་འཛམ་གླིང་ནང་གི་རྩོད་རྙོག་དང་དམག་འཁྲུག་སོགས་ཀྱི་དཀའ་ངལ་རྣམས་གདོང་ལེན་བྱ་རྒྱུར་ཀུན་ཁྱབ་འགན་ཁུར་གྱི་བསམ་བློ་དང་འཛམ་གླིང་ཁྱོན་ཡོངས་ལ་ང་ཚོ་ཞེས་གཅིག་པ་ཡིན་པའི་སྤྱི་ཡོངས་ཀྱི་ལྟ་ཚུལ་ཞིག་ཡོང་ཐུབ་པ་དགོས། དཔལ་འབྱོར་དང་། ཁོར་ཡུག་གང་གི་ཆ་ནས་ཀྱང་ང་ཚོ་ཚང་མ་ཕན་ཚུན་ལྟོས་གྲུབ་ཐོག་གནས་ཡོད་པས། ངའི་དོན་དག ངའིི་ཁྱིམ་ཚང་། ང་ཚོའི་རྒྱལ་ཁབ་ཅེས་རང་དོན་གྱི་བསམ་པ་དེས་རྙོག་གྲ་བཟོ་གི་ཡོད་ཅེས་བཀའ་སྩལ། དེ་བཞིན་༸གོང་ས་མཆོག་གིས་ཚོགས་བཅར་བ་རྣམས་ལ་ཉམས་ལེན་གྱི་གོམ་པའི་ཐོག་ནས་ཚད་མེད་པའི་བྱམས་པ་ཞིག་རང་རྒྱུད་ལ་བསྐྱེད་ཐུབ་པ་བྱེད་དགོས་པ་དང་བྱམས་པའི་བསམ་པ་དེ་ཡང་ཆོས་ལུགས་བྱེ་བྲག་པ་ཞིག་ལ་མ་རྟེན་པར་འགྲོ་བ་མིའི་བཟང་སྤྱོད་ཀྱི་ལྟ་ཚུལ་གཞི་རྩར་འཛིན་པའི་ཐོག་ནས་ཡོང་ཐུབ་པ་དགོས་གལ་ཆེ་བའི་སྐོར་བཀའ་སྩལ། གཞན་ཡང་༸གོང་ས་མཆོག་གིས་དེང་སང་རྣམ་པ་འདོན་རྒྱུའི་དོན་དུ་མི་མང་པོས་བྱུག་རྫས་ལ་དངུལ་མང་པོ་གཏོང་གི་ཡོད་ཀྱང་ནང་གི་རྣམ་པ་ཡོང་རྒྱུར་འབད་བརྩོན་བྱས་པ་ཡིན་ན་འགྲོ་སོང་གང་ཡང་མེད་ཅེས་བཀའ་སློབ་ཟབ་རྒྱས་སྩལ་ཡོད་པ་བཅས་ཀྱི་གནས་བསྡུས་སུ།