༢༠༠༩ ཕྱི་ཟླ་ ༡༡ ཚེས་ ༢༧ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༠༩ ཟླ་ ༡༡ ཚེས་ ༢༦ ཉིན་༸གོང་ས་མཆོག་གིས་ཨུ་རུ་སུའི་དད་ལྡན་ཆོས་ཞུ་བ་ཚོར་ཉིན་གསུམ་གྱི་ཆོས་འབྲེལ་གྲུབ་རྗེས་ཉིན་རྒྱབ་ཚོུད་ ༢།༠༠ ཐོག་རྡ་ས་ནས་ཀི་ལི་མི་ཊར་ ༤༠ ཙམ་གྱི་རྒྱང་ཐག་ལ་ཡོད་པའི་པ་ལམ་པུར་ས་གནས་སུ་ཕྱི་ཚེས་ ༢༦ ནས་ ༢༨ བར་ཉིན་གསུམ་གྱི་མིག་གི་སྨན་པའི་ལོ་རེར་ཚོགས་ཆེན་ལ་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བཀའ་ཞེས་བཟང་པོ་ཐོབ་ནས་བཞུགས་སྒར་ནས་ཆིབས་སྒྱུར་སྐྱོང་སྐབས་ཕེབས་ལམ་དུ་བོད་ཁྱིམ་གོ་པལ་པུར་སློབ་ཕྲུག་རྣམས་དང་། ཅ་མུན་ཌ། རྒྱུད་སྟོད་ཀྱི་ཉེ་འཁོར་དུ་གནས་པའི་བོད་མི་ཚོས་ལག་ཏུ་དཀར་གཙང་གི་མཇལ་དར་དང་སྤོས་སྣེ། དེ་བཞིན་དྲི་བཟང་མེ་ཏོག་བཅས་ཐོགས་ཏེ་ཕེབས་བསུ་གཟབ་རྒྱས་ཞུས། ཚོགས་ཁང་གི་ཉེ་འགྲམ་དུ་ཆིབས་སྒྱུར་སྐྱོང་སྐབས་ཉེ་འཁོར་བོད་ཕྲུག་ཚོས་གཞས་སྣ་འཁྲབ་སྟོན་གྱི་དགའ་བསུའི་ཕེབས་བསུ་ཡང་ཞུས། དེ་རྗེས་ཚོགས་ཁང་ནང་༸ཞབས་སོར་འཁོད་སྐབས་ཚོགས་ཆུང་གི་ཚོགས་གཙོ་དང་། དྲུང་ཆེ། དེ་བཞིན་རྒྱ་གར་ཙམ་མ་ཡིན་པའི་རྒྱལ་སྤྱིའི་ཐོག་གནད་ཡོད་མཐུན་གྲོགས་སྨན་པ་ཁག་མང་པོ་ཞིག་གིས་སྣེ་ལེན་གཟབ་རྒྱས་ཞུས་ཡོད།
དེ་ནས་༸གོང་ས་མཆོག་གིས་ཚོགས་ཆེན་དེར་བཀའ་སློབ་ཕེབས་དོན། དེ་རིང་འདིར་རྒྱ་གར་རྒྱལ་ཡོངས་མིག་བཅོས་ཚོགས་པ་དེའི་ཚོགས་འདུ་ཐེངས་བཅོ་བརྒྱད་པ་ཚོགས་ཀྱི་ཡོད། ངོས་རང་འདིར་བཅར་རྒྱུ་བྱུང་བ་དེ་ཞེ་དྲག་དགའ་པོ་བྱུང་། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འདས་པའི་ལོ་ལྔ་བཅུའི་རིང་ངོས་ནི་སློབ་མ་ལེ་ལོ་ཅན་ཞིག་ཡིན་ཞེས་ཞལ་ཤོབ་མཛད། ཡང་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། འོན་ཀྱང་མཁས་དབང་མང་པོ་ཞིག་ཐུག་ནས་བསླབ་བྱ་མང་པོ་ཞིག་ལེན་ཏེེ་མཐའ་ན་སློང་མཁན་དང་། ཨེ་ཏ་སེ་ (Aids) ནད་གཞི་ཕོག་མཁན་དེ་ཚོའི་སར་ནས་ཀྱང་བློ་སྐྱེས་ཇི་འདྲ་ཞིག་ལེན་དགོས་བསམ་པ་དྲན་གྱི་འདུག ་མིག་དེ་གལ་ཆེན་པོ་རེད། དེ་རིང་འདི་གར་ཁྱེད་ཚོ་སྨན་པ་རྐྱང་པའི་དཀྱིལ་ལ་ངོས་རང་ཡོང་ཐུབ་པ་དགའ་པོ་བྱུང་། ངོས་རང་ལོ་བཅུ་དྲུག་ནས་ཆབ་སྲིད་གྱི་འགན་ལེན་པ་དང་། ལོ་དགུ་རིང་བཙན་གནོན་འོག་སྡོད་དགོས་བྱུང་། དེ་རྗེས་ལོ་ ༢༥ ལ་རྒྱ་གར་ནང་སླེབས་ཏེ་རང་དབང་དང་མང་གཙོ། ་བརྗོད་རང་དབང་གང་ལྟར་སྔོན་མའི་སྡུག་བསྔལ་ཆ་ཚང་སངས་པ་སོགས་དང་།
འདི་གར་མཁས་པའི་ཁྲོད་དུ་ཡོང་ཐུབ་པ་དང་སློབ་སྦྱོང་སྦྱོང་རྒྱུའི་གོ་སྐབས་ཡག་པོ་ཐོབ་བྱུང་ཞེས་བཀའ་སློབ་སྩལ་ཡོད། རྒྱ་གར་གྱི་སྲོལ་རྒྱུན་ནང་མིག་དཔེ་བཟང་པོ་ཡོད་པའི་བསླབ་བྱ་གཉིས་ལས་ཆོས་ལུགས་ནང་ཁུལ་མཐུན་སྒྲིལ་དེ་འཛམ་གླིང་ནང་རྒྱ་གར་བ་རྒན་གཞོན་ཚང་མས་རྒྱལ་སྤྱིའི་ནང་ངོ་སྤྲོད་གནང་ཐུབ་པ་དགོས་ཀྱི་འདུག་ཅེས་བཀའ་སློབ་ཕེབས་ཡོད། རྒྱ་གར་ནང་ཡང་དག་པའི་འཚེ་མེད་ཞི་བའི་ལྟ་གྲུབ་དེ་མགོན་པོ་གང་ཉིད་མཆོག་ནས་རྒྱལ་སྤྱིའི་ནང་བརྡ་ལན་ (Messenger) སྤྲོད་མཁན་ཞིག་ཡིན་ཞེས་བཀའ་སྩལ་ཡོད། འདས་པའི་ལོ་ལྔ་བཅུའི་ནང་༸གོང་ས་མཆོག་རྒྱ་གར་གྱི་བུ་ཞིག་ཡིན་ཞེས་ཐུགས་ལ་དགོངས་ཀྱི་ཡོད་སྐོར་བཀའ་སློབ་ཕེབས། རྒྱ་གར་ལྟ་བུའི་འཛམ་གླིང་ནང་རང་དབང་དང་མང་གཙོ་ཡོད་པའི་རྒྱལ་ཁབ་ཆེ་ཤོས་ཤིག་རེད། རྒྱ་ནག་དེ་ཁྱིམ་མཚེས་རྒྱལ་ཁབ་གཅིག་ཡིན་པའི་ཆ་ནས་ཁྱད་ཆོས་མང་པོ་ཡོད་ཀྱང་ད་ལྟའི་ཆར་དབང་ཆ་གཅིག་བསྡུས་རིང་ལུགས་འོག་གནས་ཡོད་པར་བརྟེན་་བརྗོད་རང་དབང་མེད་པ་དང་། ཆོས་ལུགས་རང་དབང་མེད་པར་བརྟེན་རྒྱལ་ཁབ་དེ་ཁ་བྲལ་འགྲོ་རྒྱུའི་ཉེན་ཁ་ཤུགས་ཆེ་ཡོད་པ་རེད།
རྒྱ་གར་ནང་ཊ་མིལ་ (Tamil) ལྟ་བུ་ཞིག་ཆ་བཞག་ན་རྒྱ་གར་ལྷོ་ཕྱོགས་སུ་ཧིན་ལྷིའི་སྐད་ཡིག་དང་རྒྱ་གར་སྐད་ཡིག་ཐ་དད་ཡིན་ཡང་ཁ་བྲལ་འགྲོ་རྒྱུར་རྒྱ་གར་གཞུང་ལ་ཉེན་ཁ་དང་སེམས་ཁྲལ་མེད། གང་ཡིན་ཟེར་ན་ཁོང་ཚོར་རང་དབང་ཆ་ཚང་ཡོད། བྱས་གཙང་རྒྱ་གར་མི་མང་ལ་འབོད་སྐུལ་ཞུ་རྒྱུ་ནི། ཁྱེད་ཚོས་རྒྱ་རིགས་མཁས་དབང་མི་སྣ་ཚོར་ཕར་མིག་དཔེ་སྟོན་ཐུབ་པ་དང་། སློབ་སྟོན་བྱེད་རྒྱུ་དེ་གལ་ཆེན་པོ་རེད། རྒྱ་ནག་ལ་རྒྱ་གར་བ་ཚོས་བློ་སྐྱེས་སྤྲོད་རྒྱུ་མང་པོ་ཡོད་པས་ཁྱེད་ཚོ་ཞུམ་ནས་སྡོད་རྒྱུ་མེད་ཅེས་བཀའ་ཕེབས། ཁྱེད་ཚོར་ཤེས་ཡོན་ཕྱུག་པོ་ཡོད་པ་དེ་རྒྱ་ནག་གཙོས་པའི་འཛམ་གླིང་ཡུལ་གྲུ་ཚང་མར་སྤེལ་ཐུབ་པ་བྱུང་ན་ཡག་པོ་ཡོད་ཅེས་བཀའ་སློབ་ཟབ་མོ་སྩལ། ལྷན་ཚོགས་དེ་ལོ་ལྟར་རྒྱ་གར་ཙམ་མིན་པར་རྒྱལ་སྤྱིའི་ནང་ཚོགས་ཀྱི་ཡོད། ད་རེས་རྡ་སར་ཚོགས་འདུ་འདི་བཞིན་ཐེངས་དང་པོ་དེ་ཚོགས་ཡོད། མཛད་སྒོ་གྲུབ་མཚམས་ཚོུད་ ༣།༡༥ ཐོག་༸གོང་ས་མཆོག་རྡ་སར་ཆིབས་ཞལ་བསྒྱུར་ཏེ་བཞུགས་སྒར་དུ་༸ཞབས་སོར་བདེ་བར་འཁོད་ཡོད་པ་བཅས་ཀྱི་གནས་བསྡུས་སུ།