༢༠༠༩ ཕྱི་ཟླ་ ༡༡ ཚེས་ ༣༠ རེས་གཟའ་ཟླ་བ།
༄༅། །འདི་གར་ཆོས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན།
གྲོས་གཞི་དོན་ཚན་དང་པོ། ས་གནས་སོ་སོའི་དགོན་སྡེ་ཁག་གི་གྲྭ་བཙུན་དང་ཡུལ་མི་རྣམས་ལ་ཁོར་ཡུག་གོ་རྟོགས་སྤེལ་བའི་ལས་གཞིའི་སྐོར།
གྲོས་ཆོད། དགོན་པའི་གྲྭ་བཙུན་དང་མི་མང་འདུ་འཛོམས་ཆེ་བའི་སྐབས་མང་ཚོགས་ལ་ཁོར་ཡུག་སྲུང་སྐྱོབ་སྐོར་དགོན་པ་ཁག་སོ་སོ་ནས་ཚོགས་འདུ་འདིར་ཆེད་ཕེབས་གནང་བའི་འཐུས་མི་རྣམ་པ་སླར་རང་དགོན་དུ་ཕྱིར་ཕེབས་གནང་ནས་གསལ་བཤད་གནང་རྒྱུ་ཙམ་མིན་པར། ངེས་པར་དུ་དགོན་སྡེ་སོ་སོར་ཡུལ་མི་དང་འབྲེལ་བའི་ཚོགས་ཆུང་རེ་འཛུགས་གནང་རྒྱུ་དང་། གཟུགས་མཐོང་རླུང་འཕྲིན་དང་དུས་དེབ་དང་གསར་ཤོག་སོགས་སུ་ཁྱབ་སྤེལ་གང་མང་གནང་རྒྱུ་དང་། བླ་ཆེན་མི་སྣའི་བཀའ་སློབ་ལམ་སྟོན་གྱི་སྒོ་ནས་གོ་རྟོགས་སྤེལ་རྒྱུ། དེ་ཡང་ནང་པའི་གཞུང་ལུགས་ནས་གསལ་བ་ལྟར་འཚེ་བ་མེད་པའི་ལམ་ནས་རང་གཞན་གཉིས་ཕན་གྱི་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་དང་། ཚོགས་ཆུང་དེས་མི་མང་ལ་ཟབ་སྦྱོང་གྲ་སྒྲིག་གནང་རྒྱུ།
གྲོས་གཞི་དོན་ཚན་གཉིས་པ། སློབ་གྲྭ་ཁག་གི་སློབ་ཚན་དུ་ཁོར་ཡུག་གི་གནས་བབ་སྤྱི་དང་། ལྷག་པར་ནང་པའི་ཁོར་ཡུག་སྲུང་སྐྱོབ་བྱེད་ཕྱོགས་སྐོར་ཚུད་ཐབས་ལས་གཞིའི་སྐོར།
གྲོས་ཆོད། ནང་པའི་ལྟ་གྲུབ་ཀྱི་སྒོ་ནས་ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་བ་མེད་པ་གཞིར་བཟུང་ནས་ཧི་མ་ལ་ཡ་སྤྱི་ལ་ཁྱབ་པའི་བོད་ཡིག་སློབ་དེབ་ནང་དང་། དབྱིན་ཇི་དང་རྒྱ་བལ་འབྲུག་གསུམ་སོ་སོ་རང་རང་གི་སྐད་ཐོག་ནས་སློབ་དེབ་ཏུ་ཁོར་ཡུག་སྲུང་སྐྱོབ་ཀྱི་སྐོར་སློབ་ཚན་འཇུག་ཐབས་གནང་རྒྱུ།
ཁོར་ཡུག་སྐོར་གཞན་ཡང་ལོགས་སུ་སློབ་དེབ་རྩོམ་སྒྲིག་གནང་རྒྱུ་དང་། འཛིན་གྲྭའི་ནང་དུ་ཁོར་ཡུག་སྐོར་སློབ་སྦྱོང་བཏང་གྲུབ་རྗེེས་དངོས་སུ་ལག་ལེན་བསྟར་དུ་འཇུག་ཐབས་གནང་རྒྱུ།
གྲོས་གཞི་དོན་ཚན་གསུམ་པ། གད་སྙིགས་འདུ་འགོད་དང་ས་ཆུ་བདག་གཅེས། དུག་རླངས་ཉུང་འཕྲི་སོགས་ཀྱི་ལས་གཞི་ཆེ་ཆུང་ཁག་གི་སྐོར།
གྲོས་ཆོད། ཀ༽ ས་གནས་སོ་སོ་རུ་ཟླ་བ་རེ་རེའི་ནང་གད་སྙིགས་བསྡུ་ཐབས་ལ་འབད་རྒྱུ་དང་། དགེ་འདུན་རྣམས་ཀྱིས་མི་མང་རྣམས་ལ་གཙང་སྦྲའི་ཕན་ཡོན་སོགས་ལམ་སྟོན་གནང་ནས་རྒྱུན་ལྡན་ཁོར་ཡུག་གཙང་མར་འཇོག་ཐབས་དང་། དུག་རླངས་དང་འབག་བཙོག་འགོག་ཆེད་ངེས་པར་དུ་ལག་བསྟར་གནང་རྒྱུ།
གྲོས་ཆོད། ཁ༽ ས་ཆུ་གཉིས་བདག་གཅེས་ནི་ཁོར་ཡུག་སྲུང་སྐྱོབ་ལ་གལ་ཆེ་བས། ཆུ་གློག་དང་ལམ་གསར་བཟོའི་རིགས་གཞུང་དང་གཞུང་འབྲེལ་མ་ཡིན་པས་ཡར་རྒྱས་ལ་བསྙད་བཏགས་ཏེ། ཁོར་ཡུག་ལ་གནོད་ཚབས་ཆེ་རིགས་འགོག་ཐབས་བྱ་རྒྱུ་དང་། དེའི་ཚབ་ཏུ་རླུང་ཤུགས་དང་ཉི་འོད་ཀྱི་གློག་རིགས་ལ་རྒྱབ་གནོན་གནང་རྒྱུ།
གྲོས་གཞི་དོན་ཚན་བཞི་པ། ཤིང་སྣ་འདེབས་འཛུགས་དང་ཤིང་ནགས་སྲུང་སྐྱོབ་སྐོར་གྱི་ལས་གཞིའི་སྐོར།
གྲོས་ཆོད། ༸སྐྱབས་མགོན་རིན་པོ་ཆེས་གཙོས་པའི་སོ་སོའི་བླ་ཆེན་དང་སྐྱེས་ཆེན་རྣམས་ཀྱི་སྐུའི་འཁྲུངས་སྐར་དང་། ཚེས་བཟང་དུས་བཟང་སྐབས་ལ་ཤིང་སྣ་འདེབས་འཛུགས་གནང་རྒྱུ། ཤིང་སྡོང་གཅོད་མཁན་གྲོང་གསེབ་པ་ཀུན་ལ་ཤིང་བཅད་པའི་ཉེས་སྐྱོན་དང་མ་བཅད་པའི་དགེ་མཚན་གང་ཡོད་བཤད་ནས་ཐབས་མཁས་པའི་ངང་ནས་རྩི་ཤིང་མི་གཅོད་པའི་ཐབས་ལ་འབད་རྒྱུ་དང་། གྲོང་གསེབ་ཀུན་ལ་ཤིང་སྡོང་འཛུགས་པའི་དགེ་མཚན་སྐོར་བཤད་ནས་ལོ་ལྟར་ཤིང་སྡོང་གང་མང་མང་འཛུགས་ཐབས་གནང་རྒྱུ།
ཤིང་སྡོང་ལེགས་འཛུགས་མཛད་མཁན་དགོན་སྡེ་དང་། མི་སེར་སོགས་ལ་བྱ་དགའ་གནང་ནས་སྤོབས་པ་རྒྱ་བསྐྱེད་བྱ་རྒྱུ། ལོ་ལྟར་མི་རེ་ངོ་རེ་ཡིས་ཤིང་སྡོང་རེ་ངེས་པར་དུ་འཛུགས་ཐབས་གནང་རྒྱུ།
གྲོས་གཞི་དོན་ཚན་ལྔ་པ། འབབ་ཆུ་ཁག་གི་སྲུང་སྐྱོབ་དང་། འབག་བཙོག་སེལ་ཐབས་སྐོར་གྱི་ལས་གཞིའི་སྐོར།
གྲོས་ཆོད། གཙང་ཆུ་དང་ཆུ་མིག་སོགས་གཙང་མ་བཞག་ཆེད་མི་མང་ལ་སློབ་སྟོན་གནང་རྒྱུ་དང་། ས་གནས་སོ་སོའི་གཞུང་དང་བསྟུན་ནས་དེ་དག་གཙང་མར་འཇོག་ཐབས་ལ་འབད་གནང་རྒྱུ།
ཡུལ་སྐོར་སྤྲོ་འཆམ་པའི་རིགས་ལ་ཁོར་ཡུག་ལ་གནོད་ཚབས་ཆེ་བའི་འགྱིག་ཤོག་རིགས་གང་བྱུང་དུ་དོར་མི་ཆོག་པའི་དམ་བསྒྲགས་གནང་རྒྱུ།
ཆུ་མཛོད་དང་ཆུ་མིག ཆུ་དོང་དང་འབབ་ཆུ་སོགས་འཐུང་ཆུའི་ཉེ་སར་སྐྲ་བྲེགས་པ་དང་། ན་བཟའ་བཀྲུ་རྒྱུ་སོགས་མི་རུང་། དེ་དག་ཉེ་སར་གསང་སྤྱོད་དང་ཁྲུས་ཁང་རིགས་བརྒྱབ་མི་རུང་།
གྲོས་གཞི་དོན་ཚན་དྲུག་པ། སོ་ནམ་དང་ཤིང་ཏོག་འདེབས་ལས་སྐྱེ་ལྡན་དུ་བསྒྱུར་རྒྱུའི་ལས་གཞིའི་སྐོར།
གྲོས་ཆོད། ས་གནས་དགོན་པ་སོ་སོར་སྐྱེ་ལྡན་གྱི་ས་བོན་བསྡུ་སྒྲུག་གནང་ནས་ཡུལ་མི་རྣམས་ལ་རིན་མེད་དུ་གནང་ཐབས་ལ་འབད་བརྩོན་གནང་རྒྱུ་དང་། Organic seed bank རྫས་སྦྱོར་གྱི་ལུད་བརྫུས་ལ་སོགས་བེེད་སྤྱོད་མི་གནང་བའི་ཐབས་ལ་འབད་རྒྱུ། དམིགས་བསལ་དུ་སྨན་རྩའི་རིགས་གང་མང་འདེབས་ཐབས་ལ་འབད་རྒྱུ།
གྲོས་གཞི་དོན་ཚན་བདུན་པ། ཆོས་ཕྱོགས་ནས་ཡུལ་ལྷ་བསང་གསོལ་དང་། ས་བཅུད་བུམ་པ། ཆར་འབེབས་སོགས་ཀྱི་ལས་གཞིའི་སྐོར།
གྲོས་ཆོད། ལོ་ལྟར་ཚེ་བཟང་དུས་བཟང་སྐབས་རི་ཁྲུས་ཀླུངས་ཁྲུས། ལྷ་བསང་དང་ཆར་འབེབས་སོགས་སྐབས་དང་བསྟུན་ནས་སྒྲུབ་ཐབས་ལ་འབད་རྒྱུ། ༸གོང་ས་༸སྐྱབས་མགོན་རིན་པོ་ཆེ་དབུས་པའི་བླ་ཆེན་ལྷན་ཞུགས་ཐོག་ས་བཅུད་བུམ་པ་མང་དུ་བསྒྲུབས་ནས་འཛམ་གླིང་ཡུལ་གྲུ་ཡོངས་ལ་ཆ་བགོས་གནང་རྒྱུ།
གྲོས་གཞི་དོན་ཚན་བརྒྱད་པ། འགྲོ་གྲོན་དངུལ་འབབ་བསྡུ་ཕྱོགས་དང་། དཔལ་འབྱོར་འདུ་འགོད་བྱེད་ཕྱོགས་སོགས་ཀྱི་སྐོར།
གྲོས་ཆོད། འགྲོ་གྲོན་དངུལ་འབབ་ས་གནས་ཚོགས་ཆུང་སོ་སོའི་ཁོར་ཡུག་ཚོགས་ཆུང་གི་འཆར་གཞི་བཀོད་ནས་དགོན་པ་རང་ངོས་སམ། གཞུང་དང་རྒྱལ་སྤྱི་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་སོགས་ནས་དཔལ་འབྱོར་འདུ་འགོད་ཀྱི་ཐབས་ཤེས་གནང་རྒྱུ། དགོན་པ་རེ་ལ་ཁོར་ཡུག་སྲུང་སྐྱོབ་མཐུན་རྐྱེན་ཆེད་ཞལ་འདེབས་ཀྱིས་སྒམ་རེ་འཇོག་གནང་རྒྱུ།
གྲོས་གཞི་དོན་ཚན་དགུ་པ། ལས་དོན་བྱེད་ཕྱོགས་ཀྱི་ལམ་སྟོན་ནམ་སྒྲིག་གཞིའི་སྐོར།
གྲོས་ཆོད། ཀ༽ སྔར་གྱི་ཚོགས་ཆུང་དེས་ཐུགས་འགན་ཆེ་བཞེས་ཀྱིས་ཁོར་ཡུག་སྲུང་སྐྱོབ་ཐོག་གྲོང་གསེབ་ཁག་གི་མི་མང་ཀུན་ལ་གོ་རྟོགས་ཡོད་པར་མཛད་རྒྱུ་དང་། ལོ་རེའི་རྗེས་ལ་དྭགས་ལྟ་བུ་ལ་མཚོན་ན་དགོན་པ་སོོ་སོའི་ཁོར་ཡུག་ཐོག་ཕྱག་ལས་གང་བསྒྲུབས་ཡོད་པའི་སྐོར་སྙན་སྒྲོན་དགོན་ཚོགས་ལ་འབུལ་རྒྱུ་དང་། དགོན་ཚོགས་ཀྱིས་ལོ་ལྟར་རྡ་ས་ཆོས་རིག་ལས་ཁུངས་སུ་སྙན་སྒྲོན་འབུལ་རྒྱུ།
ཁ༽ ཧི་མ་ལ་ཡའི་རི་རྒྱུད་ཀྱི་ས་གནས་སོ་སོའི་དགོན་སྡེ་ཁག་ནས་ཚོགས་མི་རེ་དང་། དབུས་བོད་གཞུང་ཆོས་རིག་ལས་ཁུངས་ནས་ཚོོགས་མི་གཅིག་བཅས་འདུས་པའི་ཚོགས་པ་ཞིག་འཛུགས་རྒྱུ། དེ་ལ་ཧི་མ་ལ་ཡའི་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་ཞེས་མཚན་འདོགས་རྒྱུ་དང་། ཚོགས་པ་དེ་བཞིན་མྱུར་དུ་སྐོང་ཚོགས་གནང་ནས་ཚོོགས་མི་དེ་དག་གིས་ཚོགས་པའི་སྒྲིག་གཞི་བཟོ་བ་དང་། མ་འོངས་པར་འདི་ལྟའི་ཚོགས་འདུ་སྐོང་ཚོགས་གནང་རྒྱུའི་ལས་དོན་བསྒྲུབ་རྒྱུ།
གྲོས་གཞི་དོན་ཚན་བཅུ་པ། དེ་མིན་གནད་དོན་གཞན་སྐབས་བསྟུན་གྲོས་བསྡུར་གནང་རྒྱུ་བཅས་ཀྱི་སྐོར།
གྲོས་ཆོད། ཀ༽ འཕགས་བོད་ཀྱི་ས་མཚམས་རྣམས་སུ་དྲག་པོའི་དམག་དཔུང་འདུ་སྐོང་གིས་གཞི་རྒྱ་ཆེ་བས། ཁོར་ཡུག་སྲུང་སྐྱོབ་ལ་གནོད་ཚབས་ཆེ་བ་ནི་ཀུན་གྱིས་མཐོང་གསལ་ཡིན་ན། མྱུར་དུ་གངས་ཅན་བོད་འདི་དྲག་པོའི་དམག་དཔུང་མེད་པའི་ཞི་བའི་བསྟི་གནས་སུ་བསྒྱུར་ཐུབ་པ་ཞིག་བྱུང་ན། དཀའ་ངལ་དུ་མ་རང་ཞིར་འགྱུར་ཐུབ་ལ། དེར་བརྟེན་རྒྱལ་སྤྱི་དང་འབྲེལ་ཡོདརྒྱལ་ཁབ་ཁག་ལ་དེ་ལུགས་སྙན་ཞུ་ཚོགས་ཆེན་འདིའི་ཐོག་ནས་འབུལ་རྒྱུ་དང་། ཧི་མ་ལ་ཡའི་མི་མང་ཡོངས་ཀྱིས་མུ་མཐུད་ནས་དེ་ལྟར་འོང་ཐབས་ལ་འབད་རྒྱུ།
ཁ༽ རྒྱལ་སྤྱིའི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཚོགས་ཆེན་རྣམས་སུ་ཧི་མ་ལ་ཡའི་ནང་པའི་དགོན་སྡེ་རྣམས་ཀྱི་སྐུ་ཚབ་ཅིག་ངེས་པར་ཚུད་ཐབས་གནང་རྒྱུ།
ག༽ ཚོགས་འདུ་འདིའི་ཚོགས་མི་ཡོངས་ནས་མ་གྲོས་བསམ་པ་གཅིག་མཐུན་གྱིས་འདི་ལོར་བོད་ཀྱི་སྣོད་བཅུད་གཉིས་ཀར་བཟོད་དཀའ་བའི་དུས་འགྱུར་བྱུང་ནས་མི་ལོ་ ༥༠ ཧྲིལ་པོར་འཁོར་བའི་དུས་དྲན་འདིར་ངེད་ཚོས་གཞིས་བྱེས་བོད་མི་ཡོངས་ལ་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་མ་ཟད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་རིན་པོ་ཆེ་མཆོག་གི་དབུས་པའི་བོད་ཀྱི་བླ་ཆེན་དང་བླ་སྤྲུལ་མཁས་དབང་སོགས་ཀྱིས་བཀའ་དྲིན་བླ་མེད་ལ་བརྟེན་ནས་ངེད་ཅག་ཧི་མ་ལ་ཡའི་རི་རྒྱུད་ཀྱི་གཞོན་སྐྱེས་སློབ་ཕྲུག་ཕོ་མོ་སྟོང་ཕྲག་མང་པོར་ཟས་གོས་གནས་མལ་དང་ཤེས་བྱ་ཡོན་ཏན་སོགས་ཀྱིས་བཀའ་དྲིན་ཟད་མི་ཤེས་པ་སྩལ་གནང་བ་ལ་ངེད་རྣམས་ཀྱིསབཀའ་དྲིན་བླ་མེད་དུ་ཆེ་ཞེས་ཞུ་རྒྱུ་མ་ཟད། འཛམ་གླིང་ཞི་བདེའི་དེད་དཔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་རིན་པོ་ཆེའི་མཆོག་གིས་དབུས་པའི་སྐྱེས་ཆེན་དམ་པ་རྣམས་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་བཞེད་དོན་མཐའ་དག་བགེགས་མེད་ལྷུན་གྱིས་འགྲུབ་པ་དང་། བོད་གཞིས་བྱེས་མཉམ་འཛོམས་མྱུར་དུ་འོང་བའི་སྨོན་འདུན་ཞུ་རྒྱུ་བཅས་ལགས།