༢༠༠༩ ཕྱི་ཟླ་ ༡༠ ཚེས་ ༡༦ རེས་གཟའ་པ་སངས།
༄༅། །འདི་གར་ཁུངས་ལྡན་གྱི་གནས་ཚུལ་འབྱོར་གསལ་ལྟར་ན། ཉེ་དུས་ཟླ་ ༨ པའི་ནང་རྔ་པ་རྫོང་རྨེའུ་རུའི་སྒང་བ་ཚང་གི་རང་ལོ་ ༢༣ དུ་སོན་པ་ཀི་རྟི་དགོན་པའི་གྲྭ་བློ་བཟང་ཚུལ་ཁྲིམས་བསྐྱར་དུ་འཛིན་བཟུང་བྱས་ཡོད་པ་དང་། ཁོང་ནི་ལོ་སྔོན་མའི་ཞི་རྒོལ་གྱི་སྣེ་ཁྲིད་མཁན་གྱི་གྲས་སུ་རྩིས་ཏེ་འཛིན་བཟུང་བརྡ་ཁྱབ་བཏང་ཡང་འཛིན་བཟུང་མ་ཐུབ་པར་མགོ་བཏགས་བྱས་ན་གུ་ཡངས་གཏོང་རྒྱུ་ཡིན་ཚུལ་འབྲེལ་ཡོད་ལས་ཁུངས་ནས་གསལ་བསྒྲགས་བྱས་པར་བརྟེན་ ༢༠༠༩ ལོའི་ཟླ་དང་པོའི་གཡས་གཡོན་དུ་མགོ་བཏགས་ཞུས་རྗེས་ཟླ་ཤས་བཀག་ཉར་རྗེས་གློད་བཀྲོལ་བཏང་ཡོད་ཀྱང་། ༢༠༠༩ ཟླ་ ༨ པའི་ཟླ་མཇུག་ཙམ་ལ་བསྐྱར་དུ་འཛིན་བཟུང་བྱས་རྗེས་དུས་བཀག་བཙོན་འཇུག་ལོ་ ༣ བཏང་ཟིན་ཡོད་འདུག་པ་དང་།
ཡང་རང་ལོ་ ༢༨ དུ་སོན་པའི་ཀི་རྟི་དགོན་གྱི་གྲྭ་བློ་བཟང་བརྩོན་འགྲུས་ཀྱང་གོང་མཚུངས་སྔ་ལོའི་ཞི་རྒོལ་དང་འབྲེལ་བའི་ཐད་ནས་འཛིན་བཟུང་བརྡ་ཁྱབ་བཏང་ཡང་འཛིན་བཟུང་མ་ཐུབ་པར་མགོ་བཏགས་ཞུས་རྗེས་ཟླ་བ་གཅིག་ཙམ་རྗེས་གློད་བཀྲོལ་བཏང་ཡོད་ཀྱང་། ༢༠༠༩ ཟླ་ ༩ ཚེས་ ༥ ཡས་མས་སུ་རྫོང་ཉེན་རྟོག་པས་གློ་བུར་འཛིན་བཟུང་བྱས་ཏེ་ད་ལྟ་གང་དུ་བཀག་ཉར་བྱ་བཞིན་ཡོད་པ་ཤེས་རྟོགས་མེད་པར་གྱུར་བ་དང་།
སྔ་ལོའི་ཟླ་ ༣།༢༨ ཉིན་བཟུང་བྱས་ཏེ་ཟླ་ཤས་བཀག་ཉར་བྱས་ཏེ་གློད་བཀྲོལ་ཟིན་པའི་རང་ལོ་ ༣༥ ཙམ་དུ་སོན་པའི་ཀི་རྟི་དགོན་པའི་གྲྭ་བསམ་གཏན་ཁ་ཆེ་ད་ལོའི་ཟླ་ ༩ པའི་ཚེས་ཤར་དུ་སླར་ཡང་རྫོང་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པ་དང་། དེ་མིན་རང་ལོ་ ༢༧ ཙམ་དུ་སོན་པའི་རྔ་པ་རྨེའུ་རུ་མ་ནས་ཡིན་པ་ཀི་རྟི་དོགན་གྱི་གྲྭ་བློ་བཟང་ཚེ་རིང་དང་། རང་ལོ་ ༢༧ ཙམ་དུ་སོན་པའི་མཐའ་བ་གོང་མའི་བྱ་བརྩོན་ཚང་གི་གྲྭ་ངག་དབང་རབ་རྒྱས་གཉིས་ཀྱང་སྔ་ལོའི་ཞི་རྒོལ་རྗེས་འཛིན་བཟུང་བྱ་རྒྱུའི་བརྡ་ཁྱབ་བཏང་ཡང་འཛིན་བཟུང་ཐུབ་མེད་སྟབས་ད་ལོའི་ཟླ་ ༧ ཚེས་ཤར་དུ་མགོ་སྐོར་འོག་ཚུད་དེ་མགོ་བཏགས་ཞུས་རྗེས་ཟླ་གཅིག་ཙམ་རྗེས་གློད་བཀྲོལ་བཏང་ཡོད་ཀྱང་ད་ལོའི་ཟླ་ ༩ ཚེས་ཤར་དུ་སླར་ཡང་འཛིན་བཟུང་བྱས་ཡོད་འདུག
དེ་མིན་རང་ལོ་ ༣༠ སོན་པའི་ཀི་རྟི་དགོན་པའི་གྲྭ་བློ་བཟང་བྱམས་པ་དང་། རང་ལོ་ ༢༦ ཙམ་དུ་སོན་པའི་ཙན་ཌ་(མི་སྐྱ་)སོགས་ཀྱང་སྔ་ལོའི་ཞི་རྒོལ་དང་འབྲེལ་བའི་ཐོག་རྔ་པ་ནས་ཟླ་ ༩ པའི་ཚེས་ཤར་དུ་འཛིན་བཟུང་བྱས་ཡོད་པ་རེད། རང་ལོ་ ༢༥ ཙམ་དུ་སོན་པའི་མཐའ་གོང་མའི་ཚུལ་དེ་(མི་སྐྱ་)ཞུ་བ་ཞིག་ཟི་ལིང་ནས་འཛིན་བཟུང་བྱས་ཡོད་ཅིང་། ཚུལ་དེ་ལ་སྔ་ལོའི་ཞི་རྒོལ་སྐབས་རྔ་པ་མཐའ་གོང་མའི་བློ་བཟང་བཀྲིས་ཉེན་རྟོག་པས་དམར་གསོད་གཏོང་སྐབས་ཁོང་ལའང་མེ་མདའ་ཕོག་མྱོང་ཡོད་འདུག དེ་མིན་དེ་སྔ་འཛིན་བཟུང་བྱས་པའི་ཀི་རྟི་དགོན་གྱི་གྲྭ་བློ་བཟང་དཀོན་མཆོག་དང་། མཐའ་བ་གོང་མའི་དོན་ཁོ་རྒྱག་པ་(མི་སྐྱ་)བཅས་ཟླ་ ༩ ཚེས་ ༡༧ ཉིན་རླངས་འཁོར་ཞིག་ནང་བཀྱིགས་ནས་ཉེན་རྟོག་པས་མཐའ་བསྐོར་ཏེ་རྫོང་ཁུལ་དུ་ཁྲོམ་སྐོར་ཡང་བྱས་ཡོད་འདུག