༢༠༠༩ ཕྱི་ཟླ་ ༡༠ ཚེས་ ༥ རེས་གཟའ་ཟླ་བ།
༄༅། །འདི་གར་ཁུངས་ལྡན་གྱི་གནས་ཚུལ་འབྱོར་གསལ་ལྟར་ན། སྔ་ལོའི་ཕྱི་ཟླ་ ༣ པའི་ནང་ལྷ་སར་ཞི་རྒོལ་བྱུང་རྗེས་མལ་དྲོ་གུང་དཀར་རྫོང་ཁོངས་སུ་ཞི་རྒོལ་སྔ་རྗེས་ཐེངས་གཉིས་བྱུང་ཡོད་པ་ལྟར། མལ་དྲོ་གུང་དཀར་རྫོང་ཁོངས་སུ་ཡོད་པའི་སྤང་ས་དགོན་པའི་མཁན་པོ་ཐུབ་བསྟན་ལུང་རིགས་ཀྱང་སྔ་ལོའི་ཟླ་ ༣ པའི་ཞི་རྒོལ་རྗེས་དགོན་པའི་དགེ་འདུན་པ་ཚོ་ཞི་རྒོལ་ནང་མཉམ་ཞུགས་བྱས་ཡོད་པའི་ཉེས་འཛུགས་འོག་རྫོང་འབྲེལ་ཡོད་སྤྱི་བདེ་མི་སྣས་ཁོང་དགོན་པ་ནས་འཛིན་བཟུང་བྱས་ཏེ་ད་བར་ལོ་གཅིག་དང་ལོ་ཕྱེད་ཙམ་འགྲོ་ཡོད་ཀྱང་། ཁོང་ད་ལྟ་བཙོན་ཁང་གང་ཞིག་ཏུ་བཙོན་འཇུག་བྱེད་བཞིན་ཡོད་མེད་ཀྱི་གནས་ཚུལ་ཤེས་རྟོགས་མེད་པར་གྱུར་ཡོད། ཁོང་འཛིན་བཟུང་བྱེད་སྐབས་དགུང་ལོ་ ༥༨ ཙམ་དུ་ཕེབས་ཀྱི་ཡོད་པ་དང་། སྐབས་དེར་དགོན་པ་དེ་ནས་ཞི་རྒོལ་དང་འབྲེལ་བའི་ཐོག་འཛིན་བཟུང་བྱས་པའི་དགེ་འདུན་པ་ཉི་མ་བསྟན་འཛིན་དང་། བློ་བཟང་བསྟན་དར། པདྨ། ལྷག་པ་ཚེ་རིང་། བསྟན་པ་འཕྲིན་ལས། ལྷག་པ། རྐང་བཙུགས། ཐུབ་བསྟན་ཉི་མ། རྒྱ་མཚོ། སྐལ་བཟང་སོགས་ཀྱང་ད་ལྟ་གར་ཡོད་ཀྱི་གནས་ཚུལ་གང་ཡང་ཤེས་རྟོགས་མེད་པར་གྱུར་ཡོད་འདུག