༢༠༠༩ ཕྱི་ཟླ་ ༡༠ ཚེས་ ༡༩ རེས་གཟའ་ཟླ་བ།
༄༅། །བགྲེས་ཡོལ་དུ་ཕེབས་པའི་སྲི་ཞུ་བ་བློ་བཟང་དབང་ཕྱུག་ལགས་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པ། དེ་ཡང་ཁོང་ནི་ཕྱི་ལོ་ ༡༩༤༥ ལོར་བོད་ལྗོངས་ལྷོ་ཁ་ས་ཁུལ་དུ་ཕ་རིག་འཛིན་རྡོ་རྗེ་དང་མ་འཆི་མེད་གཉིས་ཀྱི་ཕྲུ་གུར་སྐྱེས་པ་དང་ཕྱི་ལོ་ ༡༩༥༩ ལོར་བོད་ས་ཡོངས་རྫོགས་རྒྱ་གཞུང་གིས་བཙན་བཟུང་བྱས་རྐྱེན་ཁོང་ཡང་རིང་པོར་མ་སོང་བར་རྒྱ་གར་ལ་སྐྱབས་བཅོལ་དུ་ཡོང་ནས་ཐོག་མར་རྡོར་གླིང་དུ་དབྱིན་ཇིའི་སློབ་གྲྭ་ Mount Hermon ནང་སློབ་སྦྱོང་གནང་། དེ་རྗེས་དབྱིན་ཇིའི་མཐོ་སློབ་ St.Joseph ནང་སློབ་གཉེར་གནང་སྟེ་སློབ་མཐར་སོན། དེ་ནས་ཕྱི་ལོ་ ༡༩༧༡ ལོར་གཞུང་ཞབས་ནང་འཛུལ་ཞུགས་གནང་སྟེ་ཐོག་མར་སྐུ་སྒེར་ཡིག་ཚང་དུ་གནས་རིམ་ལས་བྱའི་ཐོག་ནས་ལས་ཁུར་འགོ་འཛུགས་ཞུས་ཏེ་ཕྱག་ལས་གནང་བ་དང་། ཕྱི་ལོ་ ༡༩༧༢ ལོར་གནས་བདུན་པར་སྐུ་ཡིག་དྲུང་གཞོན་གྱི་ལས་ཁུར་གནང་། ཕྱི་ལོ་ ༡༩༧༥ ལོར་གནས་རང་འཇགས་ཐོག་ལྡི་ལི་དོན་གཅོད་འོག་ཆབ་སྲིད་ཀྱི་ལས་འགན་བཞེས། ཕྱི་ལོ་ ༡༩༧༧ ལོར་གནས་རང་འཇགས་ཐོག་རྡོར་གླིང་རང་འཚོ་བཟོ་གྲྭའི་འགན་འཛིན་ལས་རོགས་དང་། ཕྱི་ལོ་ ༡༩༨༡ ལོར་གནས་རང་འཇགས་ཀྱིས་ལྡི་ལི་དོན་ཁང་གི་ཕྱི་དྲིལ་དང་ཧིན་བོད་མཛའ་འབྲེལ་གྱི་ལས་འགན་བཞེས། ཕྱི་ལོ་ ༡༩༨༤ ལོར་གནས་རང་འཇགས་ཐོག་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་གཞོན་ལས་འགན་བཞེས་པ་དང་། ཕྱི་ལོ་ ༡༩༨༦ ལོར་ཆོས་རིག་ལས་ཁུངས་ཀྱི་དྲུང་གཞོན་ལས་འགན་བཞེས། ཕྱི་ལོ་ ༡༩༩༢ ཟླ་ ༥ པར་ཨ་རིར་སློབ་བསྐྱོད་ལ་ཕྱིན། ཕྱི་ལོ་ ༡༩༩༢ ཟླ་ ༨ ཚེས་ ༡ དྲུང་ཆེ་གཞོན་པའི་གནས་རིམ་དང་། ཕྱི་ལོ་ ༡༩༩༣ ལོར་ཕྱི་དྲིལ་དྲུང་གཞོན་ཐོག་ལྡི་ལིར་སྔ་འཕྲོས་ལས་འགན་ལ་བསྐོ་གཞག་གནང་། ཕྱི་ལོ་ ༡༩༩༤ ལོར་ལྡི་ལི་སྐུ་ཚབ་དོན་ཁང་གི་དྲུང་གཞོན་དང་། ཕྱི་ལོ་ ༡༩༩༤ ཟླ་ ༡༠ ཚེས་ ༣ ཟུང་འབྲེལ་དྲུང་ཆེར་གནས་སྤར་གྱིས་ལྡི་ལི་སྐུ་ཚབ་དོན་ཁང་གི་ཟུང་དྲུང་ལས་འགན་ཐོག་བསྐོ་གཞག་གནང་། ཕྱི་ལོ་ ༡༩༩༥ ལོར་གནས་རང་འཇགས་ཐོག་བལ་ཡུལ་དོན་ཁང་གི་དྲུང་ཆེའི་འགན་བཞེས་པ་དང་། ཕྱི་ལོ་ ༡༩༩༧ ཟླ་ ༥ ཚེས་ ༡ ཉིན་རྒན་ཡོལ་སྔ་བསྣུར་ཞུས་པ་བཞིན་བཀའ་འཁྲོལ་གནང་། དམ་པ་ཁོང་ནས་ལོ་ངོ་དེ་དག་རིང་རང་གཞུང་ལ་ལྷག་བསམ་རྣམ་དག་གིས་སྲི་ཞུའི་ཞབས་འདེགས་བསྒྲུབས་ཡོད། འོན་ཀྱང་ཡིད་སྐྱོ་དགོས་པ་ཞིག་ལ་ཁོང་ནི་ཕྱི་ལོ་ ༢༠༠༩ ཟླ་ ༡༠ ཚེས་ ༡༨ ཉིན་བོད་གཞུང་བདེ་ལེགས་སྨན་ཁང་དུ་དགོངས་པ་རྫོགས་ཡོད་པ་རེད།