༢༠༠༩ ཕྱི་ཟླ་ ༡༠ ཚེས་ ༥ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༠༩ ཟླ་ ༡༠ ཚེས་ ༥ སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་བཙན་བྱོལ་བོད་གཞུང་བཀའ་ཤག་གི་ཡང་སྟེང་ཚོགས་ཁང་དུ་བདེ་སྲུང་འཛིན་སྐྱོང་དྲུང་ཆེ་འཇམ་དཔལ་ཆོས་བཟང་མཆོག་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༡༠༡ དང་ ༩༧ དགོངས་དོན་གཞིར་བཟུང་དམིགས་འཛུགས་ཚོགས་ཆུང་གིས་འཆར་འབུལ་ཕྱག་རྟགས་དགོངས་དོན་ལྟར་གཞུང་ཞབས་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་དང་། འོས་བསྡུའི་སྤྱི་ཁྱབ་འགན་འཛིན་གཅིག་ལྕོགས་སུ་བསྐོ་གཞག་སྩལ་བའི་མཛད་སྒོའི་ཐོག་མར་བཀྲིས་རྟེན་འབྲེལ་མཚོན་སླད་སྐུ་ངོ་མཆོག་ལ་གྲོ་སོ་ཕྱེ་མར་འདེགས་འབུལ་ཞུས་རྗེས་གསོལ་ཇ་དང་འབྲས་བསིལ་བཏེགས། དེ་ནས་རང་གཞུང་ལྷན་ཁང་ཁག་གི་དྲུང་ཆེ་སོགས་ནས་རིམ་བཞིན་རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་དཀར་གཙང་གི་མཇལ་དར་སྒྲོན་འབུལ་དང་གསར་དུ་བསྐོ་གཞག་བྱུང་བའི་སྐུ་ངོ་འཇམ་དཔལ་ཆོས་བཟང་མཆོག་ལ་མཇལ་དར་ཕུལ། དེ་བཞིན་གནས་ཆུང་དང་དགའ་གདོང་གྲྭ་ཚང་ནས་སྐུ་ཚབ་དགེ་འདུན་པས་དེ་མཚུངས་འཚམས་འདྲི་ཞུས་ཏེ་མཛད་སྒོ་གྲོལ་རྗེས་འདི་གའི་གསར་འགོད་པས་གསར་དུ་བསྐོ་གཞག་བྱུང་བའི་ཚོགས་གཙོ་མཆོག་ལ་བཅའ་འདྲི་འགའ་ཞིག་ཞུས་པ་གཤམ་གསལ།
དྲི་བ། སྐུ་ངོ་འཇམ་དཔལ་ཆོས་བཟང་མཆོག་ནས་བཙན་བྱོལ་བོད་གཞུང་གི་ནང་ཕྱག་ལས་ག་དུས་དབུ་འཛུགས་གནང་ཡོད་པའི་སྐོར་ངོ་སྤྲོད་མདོར་བསྡུས་ཤིག་གནང་རོགས།
ལན། ཕྱི་ལོ་ ༡༩༧༩ ཟླ་ ༡༡ པར་ལས་བྱེད་ལ་འཛུལ་ཞུགས་བྱེད་རྒྱུའི་ཡིག་རྒྱུགས་བཏང་ནས་ཕྱི་ལོ་ ༡༩༨༠ ཚེས་ཤར་ལོར་ལས་བྱེད་ལ་དངོས་སུ་ཞུགས་པ་ཡིན། སྐབས་དེ་དུས་ང་རང་རྡོར་གླིང་མཐོ་སློབ་ནས་ཐོན་ཙམ་ཡིན།
དྲི་བ། སྐུ་ཉིད་ནས་ཐོག་མར་གནས་རིམ་ག་ནས་ཕྱག་ལས་དབུ་འཛུགས་ཞུས་ཡོད་དམ།
ལན། ངས་རྒན་དྲུང་གི་གནས་རིམ་ཐོག་ཚོད་ལྟ་ཟླ་བ་གསུམ་བྱས་རྗེས་གནས་རིམ་དེའི་ཐོག་ནས་བསྐོ་གཞག་གནང་སྟེ་རྡོར་གླིང་ནས་རྡ་སར་ཡོང་དགོས་པའི་བཀའ་ཕེབས་པ་གཞིར་བཟུང་ཕྱི་ལོ་ ༡༩༨༠ ཚེས་ཤར་ལ་ཕྱི་དྲིལ་ལས་ཁུངས་ཀྱི་ཚོད་ལྟའི་རྒན་དྲུང་ཐོག་ལོ་གཅིག་ལྷག་ཙམ་ཞབས་ཕྱི་ཞུས་པ་ཡིན། སྐབས་དེར་ངའི་ལས་འགན་གཙོ་བོ་དབྱིན་ཡིག་འགོ་བརྗོད་ལ་ Tibetan`s in Exile ཞེས་བཙན་བྱོལ་ནང་གི་ལོ་ངོ་ཉི་ཤུའི་ལོ་རྒྱུས་སྙིང་བསྡུས་ཀྱི་དེབ་ཅིག་ཡོད་པ་དེའི་ཐོག་ལ་ལས་ཀ་བྱས་པ་རེད། ཕྱི་འབྲེལ་ལས་ཁུངས་སུ་ལས་ཀ་བྱེད་མུས་སྐབས་གཞོན་ནུའི་ཚོགས་མིར་མང་ཚོགས་ནས་འདེམས་སྒྲུག་གནང་བ་བཞིན་དབུས་སྤྱི་ཁྱབ་དྲུང་ཆེར་འདེམས་སྒྲུག་བྱུང་སྟེ་ལོ་གསུམ་རིང་བོད་ཀྱི་གཞོན་ནུ་ཚོགས་པའི་ནང་ཞབས་ཕྱི་ཞུས་པ་ཡིན། དེ་རྗེས་སླར་ཡང་ལས་བྱེད་ནང་ལ་ཡོང་སྟེ་ད་ལྟའི་ཆར་གཞུང་ཞབས་འདེམས་ལྷན་ཞུ་བཞིན་པ་དེའི་སྐབས་ལས་བྱེད་བདག་གཉེར་ཁང་དུ་རྒན་དྲུང་རང་འཇགས་ཐོག་ཞབས་ཕྱི་ཞུས། དེ་ནས་གནས་སྤར་ཐོག་ཧུན་སོར་གཞིས་ཆགས་སུ་གཞིས་འགོའི་ལས་དོན་བསྒྲུབས་ཏེ་ལོ་གཅིག་བསྡད་པ་ཡིན། དེ་རྗེས་ཨ་རིའི་གྲོས་ཚོགས་ནང་གྲོས་ཆོད་བཞག་ཡོད་པ་བཞིན་བཙན་བྱོལ་ནང་ཆ་རྐྱེན་ཚང་བ་རྣམས་ཨ་རིར་སློབ་སྦྱོང་བྱེད་རྒྱུའི་ཁོངས་སུ་ང་ཚོ་མི་ལྔ་འདེམས་སྒྲུབ་བྱུང་བས། ཨ་རིར་ལོ་གཉིས་རིང་ཆེས་མཐོའི་སློབ་སྦྱོང་བྱས་རྗེས་བོད་གཞུང་འཕྲོད་བསྟེན་ལས་ཁུངས་སུ་དྲུང་གཞོན་གྱི་གནས་རིམ་ཐོག་བསྐོ་གཞག་གནང་བྱུང་། དེ་ནས་ལྡི་ལི་དོན་གཅོད་ཀྱི་དྲུང་ཆེར་གནས་སྤར་བསྐོ་གཞག་ཐོག་བཏང་བ་རེད། དེ་ནས་ཟུང་དྲུང་དུ་གནས་སྤར་གནང་བ་དང་སླར་ཡང་ཟུང་དྲུང་ནས་དྲུང་འཕར་ལ་གནས་སྤར་ཐོག་ཤེས་རིག་ལས་ཁུངས་ལ་གནས་སྤོ་གནང་བ་རེད། དེ་རྗེས་སྐུ་སྒེར་ཡིག་ཚང་གི་དྲུང་ཆེ་སྐུ་ངོ་བསྟན་འཛིན་དགེ་བྱེད་ལགས་ཀྱི་དབྱིན་ཡིག་སྡེ་ཚན་ཁོངས་ལ་གནས་སྤོས་གནང་ལོ་གཉིས་ལྷག་ཞབས་ཕྱི་ཞུས་པ་ཡིན། དེ་རྗེས་དྲུང་ཆེའི་གནས་སྤར་ཐོག་ནས་འཆར་འགོད་ལས་ཁུངས་ཀྱི་དྲུང་ཆེ་བྱེད་བཞིན་པའི་སྐབས་ལ་ཕྱི་ལོ་ ༢༠༠༡ ལོར་ལྷོ་ཨ་ཕི་རིའི་སྐུ་ཚབ་དོན་གཅོད་ལ་ལོ་བཞི་དང་ཕྱེད་ཀ་ཞུས་པ་ཡིན། དེ་ནས་ཕ་རན་སི་སྐུ་ཚབ་དོན་གཅོད་ཁང་ལ་གནས་སྤོ་གནང་སྟེ་ལོ་གཉིས་ལྷག་ཙམ་དོན་གཅོད་ཞུས། དེ་ནས་བཞུགས་སྒར་དུ་གནས་སྤོས་ཀྱིས་བདེ་སྲུང་གི་འཛིན་སྐྱོང་དྲུང་ཆེའི་འགན་འཁུར་གྱིས་ཞབས་ཕྱི་ཞུས།
དེ་རྗེས་ཕྱག་རྟགས་ཕེབས་པ་བཞིན་གཞུང་ཞབས་འདེམས་ལྷན་དང་འོས་བསྡུའི་འགན་འཛིན་གཅིག་ལྕོགས་སུ་བསྐོ་གཞག་གནང་བྱུང་། དེ་ནས་ལས་བྱེད་ཀྱི་བླང་དོར་སྒྲིག་གཞི་གཞིར་བཟུང་རྒན་ཡོལ་སྔ་བསྣུར་ཞུས། གང་ལྟར་ཁོ་བོས་ལོ་ཉི་ཤུ་རྩ་ལྔ་ལྷག་ཙམ་གཞུང་གི་ཞབས་འདེགས་ཞུས་པ་ཡིན།