༢༠༠༩ ཕྱི་ཟླ་ ༡༠ ཚེས་ ༢༦ རེས་གཟའ་ཟླ་བ།
ངོ་སྤྲོད།
ཕྱི་ལོ་ ༡༩༧༩ ནས་བཟུང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཁ་བྲལ་བ་མ་ཡིན་པར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོངས་སུ་གནས་རྒྱུའི་དབུ་མའི་ལམ་གྱི་འཇུག་ངོགས་བཟུང་སྟེེ། བོད་མིའི་ཆོས་དང་། ལེགས་བྱང་། མི་རིགས་ཀྱི་ངོ་བོ་བཅས་པ་རྒྱུན་འཛིན་དང་གོང་འཕེལ་ཆེད་བོད་རིགས་ཡོངས་ལ་མི་རིགས་ས་གནས་རང་སྐྱོང་གི་ཆ་རྐྱེན་ཁག་ལག་བསྟར་དགོས་པའི་རེ་སྐུལ་ཡང་ཡང་གནང་ཡོད།
ཕྱི་ལོ་ ༡༩༥༡ ལོར་གྲོས་མཐུན་དོན་ཚན་ ༡༧ བཀའ་བསྡུར་སྐབས་བོད་རིགས་ཡོངས་རྫོགས་རང་སྐྱོང་འཛིན་སྐྱོང་གཅིག་གི་འོག་དགོས་པའི་བོད་མིའི་མངོན་འདོད་བཏོན་པ་དེར་ད་བར་འགྱུར་བ་གང་ཡང་ཕྱིན་མེད།
ཕྱི་ལོ་ ༢༠༠༢ ལོར་རྒྱ་ནག་གཞུང་དང་མཉམ་ཐད་ཀའི་འབྲེལ་ལམ་བསྐྱར་གསོ་བྱུང་རྗེས་༸གོང་ས་མཆོག་གི་སྐུ་ཚབ་རྣམ་པ་དང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འབྲེལ་ཡོད་དབུ་ཁྲིད་ཚོའི་དབར་འབྲེལ་མོལ་ཐེངས་བརྒྱད་དང་། ནང་ལུགས་བཀའ་བསྡུར་ཐེངས་གཅིག་བཅས་བསྐྱངས་རིང་། ང་ཚོས་རྩ་ཁྲིམས་དང་། རང་སྐྱོང་བཅའ་ཁྲིམས་གཞིར་བཟུང་བོད་རིགས་ཡོངས་རྫོགས་རང་སྐྱོང་འཛིན་སྐྱོང་གཅིག་གི་འོག་ཇི་ལྟར་ཡོང་ཐབས་དང་། དེར་ཁེ་ཕན་ཇི་ཡོད་བཅས་གསལ་བཤད་འཕར་སྣོན་ཞུས་ཡོད།
འོན་ཀྱང་བློ་ཕམ་པར་རྒྱ་ནག་གཞུང་གི་དབུ་ཁྲིད་ཚོས་༸གོང་ས་མཆོག་ནས་ ” བོད་ཆེན་པོའི་ ” དགོས་འདུན་འདོན་ཚུལ་གྱི་འཁྱོག་བཤད་བྱེད་ཀྱིན་ཡོད། ང་ཚོས་ ” བོད་ཆེན་པོ་ ” ཞེས་པའི་ཚིག་འདི་ནམ་ཡང་བེད་སྤྱོད་བྱས་མེད་ཀྱང་། གནད་དོན་ཆ་ཚང་མི་ཤེས་མཁན་ཚོའི་སེམས་ནང་འདི་ལྟ་བུའི་དཀྲོག་གཏམ་གྱིས་ཐེ་ཚོམ་དང་། ལོག་རྟོག་བསྐྲུན་སྲིད།
དེར་བརྟེན་ད་རེས་བོད་དོན་སློབ་སྦྱོང་མཐུན་ཚོགས་ནས་གླེང་སྟེགས་སྒོར་མོའི་བགྲོ་གླེང་འདི་གོ་སྒྲིག་གིས་ཁོ་བོར་དངོས་ཡོད་གནས་ཚུལ་ཞིབ་བཤད་བྱ་རྒྱུའི་གོ་སྐབས་གནང་བར་ཡི་རངས་ཞུ་རྒྱུ་ཡིན། དང་པོ། ” བོད་ཆེན་པོ་ ” ཞེས་པའི་ཚིག་བརྗོད་ཀྱི་གོ་དོན་དང་། བེད་སྤྱོད།
” བོད་ཆེན་པོ་ ” ཞེས་པའི་བརྗོད་སྲོལ་འདི་གནའ་བོའི་རྒྱ་གར་གྱི་མཁས་པ་ཚོས་བོད་ཀྱི་ཆ་ཤས་རྣམས་ས་བབ་ཀྱི་ཆ་ནས་རྒྱ་གར་དང་རྒྱང་ཐག་ཇི་ཙམ་དུ་གནས་པ་སྟོན་བྱེད་དུ་བེད་སྤྱོད་བྱས་ཡོད། དེ་ཡང་བོད་ཀྱི་ས་ཁུལ་རྒྱ་གར་གྱི་ས་མཚམས་སུ་འཁེལ་བའམ། ཡང་ན་དེ་དང་ཉེ་བ་ལ་ ” བོད་ ” (བྷོཊ་)དང་། རྒྱ་གར་ནས་ཐག་རིང་དུ་གནས་པ་ལ་ ” བོད་ཆེན་པོ་ ” (མཧཱ་བྷོཊ་) ཞེས་འབོད་སྲོལ་འདུག
སམསྐྲིཏའི་སྐད་ནང་ས་བབ་ཀྱི་ཐོག་ནས་རྒྱང་ཐག་རིང་བའི་ས་ཆ་ཁག་སྟོན་བྱེད་དུ་ ” ཆེན་པོ་ ” ཞེས་པའི་ཁྱད་ཆོས་སྦྱར་སྲོལ་ཡོད་པ། དཔེར་ན། གྲོང་དང་ཉེ་བའི་ནགས་ལ་ ” ནགས་ ” (ཨརཎཡ་)དང་། དེ་ནས་རིང་དུ་གནས་པའི་ནགས་ལ་ ” ནགས་ཆེན་པོ་ ” (མཧཱཨརཎཡ་)ཞེས་བརྗོད་པ་ལྟ་བུའོ།། དོན་དུ་བརྗོད་སྲོལ་འདི་རྒྱང་ཐག་ལས། རྒྱ་ཁྱོན་དང་ཁྱད་ཆོས་ལ་མི་གོ
གནའ་བོའི་དུས་སུ་བོད་རྒྱ་མི་རིགས་གཉིས་སྐབས་རེ་ཕན་ཚུན་ལ་ཆེ་བསྟོད་མཚོན་སླད་ ” རྒྱ་ཆེན་པོ་” དང་། ” བོད་ཆེན་པོ་ ” ཅེས་བེད་སྤྱོད་བྱས་པ་བྱུང་ཡང་། དེ་དག་ནི་ས་ཁྱོན་གྱི་ཆ་ཤས་གསལ་ཕྱིར་མིན་པར་རྒྱ་ནག་ཡོངས་ཁྱབ་དང་། བོད་ཡོངས་ཁྱབ་ལ་གོ་བའི་དོན་དུ་བེད་སྤྱོད་བྱས་ཡོད། བོད་རྒྱའི་དབར་ཕྱི་ལོ་ ༨༢༡།༨༢༢ ལོར་བཞག་པའི་ཆིངས་ཡིག་ནང་དུའང་ ” བོད་ཆེན་པོ་ ” དང་། ” རྒྱ་ཆེན་པོ་ ” ཞེས་པའི་ཚིག་བེད་སྤྱོད་བྱས་ཡོད། རྗེས་སུ་རྒྱ་ནག་གིས་ཆེ་བསྟོད་ཀྱི་ཚིག་བརྗོད་ ” ཆེན་པོ་བོད་ ” དེ་ ” མཐོ་བའི་བོད་ ” ཅེས་པར་བསྒྱུར་བ་དེས་མཐོ་སྒང་མ་གཏོགས་ཆེན་པོའི་ངོ་བོ་མི་སྟོན། རྒྱ་ནག་གི་མིང་དང་མན་ཇུའི་དུས་སྐབས་སུ་བོད་ཀྱི་ས་ཁུལ་མི་འདྲ་བ་རྣམས་མཚོན་བྱེད་དུ་ཚིག་འདྲ་མིན་གསར་བཟོ་བྱས་པ་དཔེར་ན་བོད་ཀྱི་ས་ཁུལ་རྒྱ་ནག་དང་ས་མཚམས་འཁེལ་བ་ལ་ ” རྒྱུས་མངའ་ཡོད་པའི་བོད་པ་ “(ཧྲུའུ་བོད་)དང་། རྒྱ་ནག་དང་ཐག་རིང་གནས་པ་ལ་ རྒྱུས་མངའ་མེད་པའི་བོད་པ་ “(ཧྲེང་བོད་)ཞེས་དབྱེ་བ་ཕྱེ་ཡོད།
འོན་ཀྱང་བོད་མི་རང་ངོས་ནས་བོད་ཀྱི་ས་ཁུལ་གང་ཞིག་དབྱེ་འབྱེད་ཆེད་ ” བོད་ཆེན་པོ་ ” ཞེས་པའི་ཚིག་ནམ་ཡང་བེད་སྤྱོད་བྱས་མྱོང་མེད། དེ་སྔ་སྲོལ་རྒྱུན་གྱི་ཐོག་ནས་བོད་ཀྱི་ས་ཁུལ་ཁག་དཔེར་ན་སྟོད་སྨད་བར་གསུམ་མམ། དབུས་གཙང་དང་། ཁམས། ཨ་མདོ། ཡང་ན་ཆོལ་ཁ་གསུམ་སོགས་སུ་དབྱེ་བ་ཡོད་མུས་རེད།
ཕྱི་ལོ་ ༡༩༤༩ སྔོན་དུ་རྒྱ་ནག་མི་སེར་རྒྱལ་ཁབ་ཀྱིས་གཞུང་འབྲེལ་གྱི་ཐ་སྙད་དུ་སོག་པོ་ལ་ཕྱི་ནང་གཉིས་སུ་དབྱེ་བ་བཞིན་བོད་ལའང་ ” བོད་ནང་མ་ ” དང་། ” བོད་ཕྱི་མ་ ” ཞེས་དབྱེ་བ་ཕྱེ་ཡོད། ” བོད་ནང་མ་ ” ནི་སྐབས་དེར་རྒྱ་ནག་གི་མངའ་འོག་ཏུ་གནས་པའི་ས་ཁུལ་ཁག་དང་། ” བོད་ཕྱི་མ་ ” ནི་རང་བཙན་ནམ། རང་སྐྱོང་ལྗོངས་སུ་གནས་པའི་བོད་ལ་ཟེར། ཐ་སྙད་འདི་དག་ཕྱོགས་གསུམ་གྱིས་བཞག་པའི་སིམ་ལའི་ཆིངས་ཡིག་(༡༩༡༣།༡༤)གི་ཡིག་ཆའི་ནང་ཡང་བེད་སྤྱོད་བྱས་ཡོད།
གཉིས་པ། ” བོད་ཆེན་པོའི་ ” སྐོར་གྱི་དཀྲོག་གཏམ།
ཉེ་དུས་(ཕྱི་ལོ་ ༡༩༧༩)རྗེས་སུ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་འཛིན་པ་ཚོས་ ” བོད་ཆེན་པོ་ ” ཞེས་པའི་ཐ་སྙད་འདི་གསར་བཟོས་ཀྱིས་བོད་རིགས་ གནས་སྡོད་བྱེད་པའི་ས་ཁུལ་ད་ལྟའི་ཆར་བོད་རང་སྐྱོང་ལྗོངས་དང་། བོད་རིགས་རང་སྐྱོང་ཁུལ་དང་རྫོང་བཅས་སུ་དབྱེ་བ་ཚང་མར་འཇུག་ཆེད་བེད་སྤྱོད་བྱེད་ཀྱི་ཡོད།
དོན་དངོས་ཐོག་བོད་ནི་གཅིག་རང་ལས། དེ་ལ་ ” ཆེན་པོ་ ” དང་། ” ཆུང་ངུ་ ” ཡི་དབྱེ་བ་འབྱེད་དུ་མེད། བོད་རིགས་ཡོངས་རྫོགས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲངས་ཉུང་མི་རིགས་ ༥༥ ཡོད་པའི་ནང་ནས་གཅིག་རེད།
རྒྱ་ནག་གཞུང་ནས་༸གོང་ས་མཆོག་གིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཁྱོན་གྱི་བཞི་ཆ་གཅིག་ཟིན་པའི་ ” བོད་ཆེན་པོའི་ ” དགོས་འདུན་བཏོན་གྱི་འདུག་ཅེས་བཤད་དེ། རྒྱལ་སྤྱིའི་སྤྱི་ཚོགས་ལོག་ལམ་དུ་འཁྲིད་ཐབས་བྱེད་ཅིང་། ༸གོང་ས་མཆོག་གི་རེ་འདུན་རྒྱུ་མཚན་མི་ལྡན་པ་སྟོན་ཐབས་དང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཞི་ཆ་གཅིག་ཁ་བྲལ་རྩོད་ཀྱི་ཡོད་པའམ། ཡང་ན་བོད་རིགས་རང་སྐྱོང་ས་ཁུལ་དུ་ངོས་འཛིན་མ་བྱས་པའི་ས་ཁུལ་འཕར་མ་དགོས་ཚུལ་གསུངས་ཡོད་པ་ལྟ་བུའི་གོ་ལོག་སྐྲུན་ཐབས་བྱེད་ཀྱིན་ཡོད།
དོན་དངོས་ཐོག་༸གོང་ས་མཆོག་ནས་ ” བོད་ཆེན་པོ་ ” ཞེས་པའི་ཚིག་འདི་ཡིག་ངག་གཉིས་ཐོག་ནས་གང་དུའང་བེད་སྤྱོད་གནང་མྱོང་མེད། གལ་ཏེ་སུ་ཞིག་གིས་ཕྱི་ ལོ་ ༡༩༧༩ ཚུན་གྱི་བོད་མིའི་གནས་འབྲེལ་དང་། བསྒྲགས་གཏམ། ཡིག་ཆ་སོགས་ལ་ཞིབ་འཇུག་བྱས་ཀྱང་། ” བོད་ཆེན་པོ་ ” ཞེས་པའི་ཚིག་བེད་སྤྱོད་བྱས་པ་གཅིག་ཀྱང་མི་རྙེད། འདི་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚིག་ཅིག་ཡིན་རུང་། ཁོང་ཚོས་དེ་༸གོང་ས་མཆོག་གིས་གསུངས་པ་ཡིན་པ་ལྟ་བུར་སྟོན་ཐབས་བྱེད་ཀྱི་འདུག
ལྷག་པར་ཡ་མཚན་པ་ཞིག་ལ་བོད་སྐད་དང་རྒྱ་སྐད་གཉིས་ཀར་ ” ཆེན་པོ་ ” ཞེས་པའི་ཚིག་གཅིག་ལས་མེད་ཅིང་། དེའི་གོ་དོན་ཆེ་བསྟོད་ཀྱི་ཚིག་གམ། ཆེ་ཆུང་གི་ ཚད་ལས་འཇུག་ཡུལ་གཞན་མེད། དབྱིན་སྐད་དུ་ Great དང་ Greater ཞེས་པའི་ཚིག་གཉིས་ཡོད་ཅིང་། Greater ཞེས་པ་དེ་ཡུལ་ལུང་ལ་སྦྱར་སྐབས་སྲིད་དོན་གྱི་ས་མཚམས་ལས་བརྒལ་ཏེེ་སྐད་ཡིག་དང་། ལེགས་བྱང་གི་ཁྱབ་ཁོངས་ལའང་གོ་སྲོལ་ཡོད་སྟབས། དབྱིན་སྐད་་བའི་ནུབ་ཕྱོགས་པའི་སྐྱེ་བོ་རྣམས་ཀྱི་བསམ་པར་གོ་ལོག་ཆེ་བ་ཐེབས་སྲིད། དེས་ན་དོན་གནད་འདི་ཧོལ་རྒྱུགས་མ་ཡིན་པར་དབྱེ་ཞིབ་ནན་པོ་དགོས་གལ་ཆེ།
གསུམ་པ། ༸གོང་ས་མཆོག་གི་ཐུགས་རེ་གང་ཡིན་ནམ།
༸གོང་ས་མཆོག་གིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་བཏོན་པའི་རེ་འདུན་ནི།
- བོད་རིགས་རང་སྐྱོང་ས་ཁུལ་ཡོངས་རྫོགས་རང་སྐྱོང་འཛིན་སྐྱོང་གཅིག་གི་འོག་དགོས་པ་དང་།
- རྩ་ཁྲིམས་སུ་གསལ་བའི་མི་རིགས་ས་གནས་རང་སྐྱོང་གི་ཆ་རྐྱེན་རྣམས་ཡང་དག་པར་ལག་བསྟར་དགོས་པ་བཅས་ཡིན།
རེ་འདུན་འདི་དག་༸གོང་ས་མཆོག་གིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་དགོངས་དོན་དང་། རང་སྐྱོང་གི་བཅའ་ཁྲིམས་གཞིར་བཟུང་འདོན་གནང་མཛད་ཡོད།
- ཀ་ རྩ་ཁྲིམས་དོན་ཚན་ ༤ པའི་ནང་།
ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ཁག་ཚང་མ་འདྲ་མཉམ་ཡིན་ཞིང་། རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་ཁག་གི་ཁྲིམས་མཐུན་ཁེ་དབང་དང་ཁེ་ཕན་འགན་སྲུང་དང་། མི་རིགས་ཁག་བར་གྱི་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས་བཅས་ཀྱི་འབྲེལ་བ་སྲུང་སྐྱོང་དང་གོང་དུ་སྤེལ་རྒྱུ། མི་རིགས་གང་ཞིག་ལའང་མཐོང་ཆུང་དང་མཉའ་གནོན་བྱེད་རིགས་བཀག་སྡོམ་བྱེད་རྒྱུ། མི་རིགས་མཐུན་སྒྲིལ་གཏོར་བཤིག་གཏོང་བ་དང་མི་རིགས་ཁ་ཕྲལ་བའི་བྱ་སྤྱོད་བཀག་སྡོམ་བྱེད་རྒྱུ།
རྒྱལ་ཁབ་ཀྱི་གྲངས་ཉུང་མི་རིགས་ཁག་གི་ཁྱད་ཆོས་དང་དགོས་མཁོ་གཞིར་བཟུང་སྟེ་གྲངས་ཉུང་མི་རིགས་ས་ཁུལ་ཁག་གི་དཔལ་འབྱོར་དང་རིག་གནས་འཕེལ་ཚད་ཇེ་མགྱོགས་སུ་གཏོང་རོགས་བྱེད་རྒྱུ།
གྲངས་ཉུང་མི་རིགས་འདུས་སྡོད་བྱེད་པའི་ས་གནས་སོ་སོར་ས་ཁོངས་རང་སྐྱོང་ལག་ལེན་བསྟར་ཏེ་རང་སྐྱོང་ལས་ཁུངས་འཛུགས་རྒྱུ་དང་རང་སྐྱོང་དབང་ཆ་སྤྲོད་རྒྱུ། མི་རིགས་རང་སྐྱོང་ས་གནས་ཁག་ཚང་མ་ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁ་འབྲལ་དུ་མི་རུང་བ་ཞིག་ཡིན།
མི་རིགས་ཁག་ཚང་མར་རང་ཉིད་ཀྱི་སྐད་དང་ཡི་གེ་སྤྱོད་པ་དང་གོང་དུ་སྤེལ་བའི་རང་དབང་ཡོད་པ་དང་། ཚང་མར་རང་ཉིད་ཀྱི་ཡུལ་སྲོལ་གོམས་གཤིས་ཉར་འཇོག་གམ་བསྒྱུར་བཅོས་གང་བྱེད་ཀྱི་རང་དབང་ཡོད། ཅེས་དང་།
- ཁ མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་ཀྱི་གླེང་གཞིའི་ནང་།
མི་རིགས་ས་ཁོངས་རང་སྐྱོང་ཞེས་པ་ནི་རྒྱལ་ཁབ་ཀྱི་འགོ་ཁྲིད་གཅིག་གྱུར་འོག་གྲངས་ཉུང་མི་རིགས་ཁག་འདུས་སྡོད་བྱེད་སར་ས་ཁོངས་རང་སྐྱོང་དངོས་སུ་བྱས་ནས་རང་སྐྱོང་ལས་ཁུངས་བཙུགས་ཏེ་རང་སྐྱོང་བྱེད་དབང་ལོངས་སུ་སྤྱོད་རྒྱུ་དེ་ཡིན། མི་རིགས་ས་ཁོངས་རང་སྐྱོང་དངོས་སུ་བྱེད་པ་དེའི་ཐོག་ནས་རྒྱལ་ཁབ་ཀྱི་གྲངས་ཉུང་མི་རིགས་ཁག་གིས་མི་རིགས་སོ་སོའི་ནང་ཁུལ་གྱི་ལས་དོན་བདག་སྐྱོང་བྱེད་དབང་ལོངས་སུ་སྤྱོད་པར་བརྩི་འཇོག་དང་འགན་སྲུང་ལེགས་པར་བྱེད་པའི་དགོངས་དོན་མཚོན་པ་དང་། རྒྱལ་ཁབ་ཀྱི་མི་རིགས་ཁག་བར་འདྲ་མཉམ་དང་མཐུན་སྒྲིལ་ཡོང་བ་མཐའ་འཁྱོངས་དང་། མི་རིགས་ཁག་ལྷན་དུ་དར་རྒྱས་ཕུན་སུམ་ཇེ་ཚོགས་ཡོང་བ་མཐའ་འཁྱོངས་བྱེད་པའི་རྩ་དོན་མཚོན་ཡོད། ཅེས་དང་།
- ག རང་སྐྱོང་བཅའ་ཁྲིམས་དོན་ཚན་ ༢ པའི་ནང་།
གྲངས་ཉུང་མི་རིགས་སོ་སོ་འདུས་སྡོད་བྱེད་སའི་ས་གནས་ཁག་ཏུ་ས་ཁོངས་རང་སྐྱོང་དངོས་སུ་བྱ་རྒྱུ། མི་རིགས་རང་སྐྱོང་ས་གནས་རྣམས་རང་སྐྱོང་ལྗོངས་དང་། རང་སྐྱོང་ཁུལ། རང་སྐྱོང་རྫོང་བཅས་ སུ་དབྱེ་རྒྱུ།
མི་རིགས་རང་སྐྱོང་ས་གནས་ཁག་ཚང་མ་ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲུབ་ཆ་འབྲལ་དུ་མི་རུང་བ་ཡིན། ཅེས་གསལ་ཡོད།
- ང གྲངས་ཉུང་མི་རིགས་འདུས་སྡོད་བྱས་པ་རྣམས་དུམ་བུར་གཏོང་བ་ནི་གོང་དུ་གསལ་བ་ལྟར་རྩ་ཁྲིམས་ལ་དངོས་སུ་རྡོག་རོལ་བཏང་ཡོད། དེ་ནི་ ” དུམ་བུར་བཏང་ནས་དབང་སྒྱུར་ ” བྱེད་ཅེས་པ་དེ་སྔ་བཙན་རྒྱལ་རིང་ལུགས་པ་ཚོས་ལག་བསྟར་བྱས་པའི་སྲིད་བྱུས་དང་མཚུངས་པ་ཡིན། གྲངས་ཉུང་མི་རིགས་ཁག་སོ་སོ་ནང་ཁུལ་དུ་ཆིག་བསྒྲིལ་མ་བཟོས་པ་དེ་སྲིད་དུ་མི་རིགས་ཡོངས་རྫོགས་ ཆིག་བསྒྲིལ་ག་ལ་ཡོང་ཐུབ།
འདིའི་ཐད་གུང་ཁྲན་ཏང་མི་རྒན་གྲས་ཕུན་ཚོགས་དབང་རྒྱལ་གྱིས་གསུངས་དོན། ” །།དུམ་བུར་བཟོས་ནས་དབང་བསྒྱུར་བྱེད་ ” པའི་ ” བོད་སྐྱོང་བྱེད་ཕྱོགས་ ” ཟེར་བའི་ཐད་ཀྱི་ནོར་འཛོལ་ཆེན་པོ་ཞིག་ཀྱང་ཡིན་ཞིང་། དེ་ནི་ལོ་རྒྱུས་ཀྱི་ཡིད་ཤིན་ཏུ་སྐྱོ་དགོས་པའི་བསླབ་བྱ་ཞིག་རེད། མི་རིགས་ཁག་ཐོག་འཛིན་པའི་ཕྱོགས་རིས་ཀྱི་སྲིད་བྱུས་དེའི་འོག་ ” དུམ་བུར་བཟོས་ནས་དབང་བསྒྱུར་ ” ཟེར་བ་མི་རིགས་ཆེན་པོའི་རིང་ལུགས་དོར་ན། ས་གནས་འཛིན་སྐྱོང་བྱ་ཕྱོགས་ཀྱི་ས་ཁུལ་བསྒྱུར་བཅོས་དང་ས་མཚམས་སྙོམ་རྒྱུར་དཀའ་ངལ་ཡོད་པ་མ་རེད། ” ཅེས་གསུངས་ཡོད།
- ཅ རྩ་ཁྲིམས་ཀྱི་གླེང་གཞིའི་ནང་།
ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནི་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་མཉམ་དུ་གསར་དུ་བསྐྲུན་པའི་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན་ཞིང་། འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས་བཅས་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་ཚུགས་ཟིན་པར་མ་ཟད། མུ་མཐུད་དེ་ཤུགས་ཆེ་རུ་འགྲོ་ངེས་ཡིན། མི་རིགས་ཀྱི་མཐུན་སྒྲིལ་སྲུང་སྐྱོབ་བྱེད་པའི་འཐབ་རྩོད་ནང་དུ་མི་རིགས་ཆེན་པོའི་རིང་ལུགས་ལ་ངོ་རྒོལ་བྱེད་དགོས་པ་དང་། གཙོ་བོ་རྒྱ་རིགས་ཆེན་པོའི་རིང་ལུགས་ལ་ངོ་རྒོལ་བྱེད་དགོས་ལ། ས་གནས་མི་རིགས་རིང་ལུགས་ལའང་ངོ་རྒོལ་བྱེད་དགོས། རྒྱལ་ཁབ་ཀྱིས་གང་ཐུབ་ཅི་ཐུབ་ཀྱིས་རྒྱལ་ཡོངས་མི་རིགས་ཁག་ཐུན་མོང་དུ་དར་རྒྱས་ཕུན་སུམ་ཚོགས་པ་ཡོང་བར་བསྐུལ་འདེད་བྱེད་ངེས་ཡིན། ཅེས་གསལ་ཡོད།
གནས་ཚུལ་གསལ་པོ་མཁྱེན་རྟོགས་ཡོང་སླད་ངས་གཤམ་དུ་ས་ཁྲ་ཁ་ཤས་ཤིག་འབུལ་ལམ་ཞུ་རྒྱུ་ཡིན། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་ཁུལ་འཛིན་སྐྱོང་ས་ཁུལ་དབྱེ་སྟངས་གསལ་རྟོགས་ཐུབ་ཐབས་ཁོ་ནའི་ཆེད་ས་ཁྲ་འདི་དག་ཁུངས་འདྲ་མིན་ནས་ཟུར་འདོན་བྱས་པ་ཡིན་སྟབས། ས་ཁྲའི་ནང་གསལ་བའི་རྒྱལ་སྤྱིའི་ས་མཚམས་ཁག་ཚད་ལྡན་ཡིན་པའི་ངེས་པ་མེད་ལ། དོ་བདག་གཏམ་གླེང་བྱེད་པོའི་འདོད་ཚུལ་ཡིན་པའི་ཁྱབ་པའང་མེད།
༡༽རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཛིན་སྐྱོང་ས་ཁུལ་དབྱེ་བགོས་ས་ཁྲ།
༢༽རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རང་སྐྱོང་ས་ཁུལ་དབྱེ་བགོས་ས་ཁྲ།
༣༽མཐོ་སྒང་བོད་ཀྱི་ས་བབས་ཆགས་སྟངས་སྟོན་པའི་ས་ཁྲ།
༤༽རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་འོག་ཏུ་ཡོད་པའི་བོད་ཀྱི་ས་ཁུལ་ཁག་དང་། དེ་དག་གི་འཛུགས་ལོ།
བཞི་པ། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དགག་བྱ་དང་བོད་མིའི་ལངས་ཕྱོགས།
འདིར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་དགག་བྱ་བྱེད་གཞི་ཁག་ལ་ང་ཚོའི་ལྟ་ཕྱོགས་ནས་ལན་འདེབས་བྱ་རྒྱུ་ཡིན།
ཀ ས་ཆའི་རྒྱ་ཁྱོན།
རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་འཛིན་པ་ཚོས་བོད་རིགས་རང་སྐྱོང་ས་ཁུལ་ཡོངས་རྫོགས་འཛིན་སྐྱོང་གཅིག་གི་འོག་འཇུག་མི་ཐུབ། གང་ཡིན་ཞེ་ན། དེ་ནི་ས་རྒྱ་ཤིན་ཏུ་ཆེ་བ་དང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཁྱོན་གྱི་བཞི་ཆ་གཅིག་ཟིན་གྱི་ཡོད་ཅེས་བརྗོད།
བོད་རིགས་ས་ཁུལ་ཁག་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁྱབ་ཀྱི་ས་ཁྱོན་གྱི་བཞི་ཆ་གཅིག་ཟིན་གྱི་ཡོད་པ་དངོས་བདེན་ཡིན་རུང་། དེ་ནི་ང་ཚོས་བཟོས་པ་མ་ཡིན་པར་གནའ་སྔ་མོ་ནས་བཟུང་དེ་ལྟར་རང་བཞིན་གྱི་བརྒྱུད་རིམ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་སྟབས། ད་ལྟའི་ཆར་དེ་ལ་སུས་ཀྱང་འགྱུར་བ་གཏོང་མི་ཐུབ། ལྷག་པར་དུ་བོད་མི་རྣམས་ས་ཁུལ་འདི་དག་ནང་ཉེ་དུས་གནས་སྤོས་བྱས་པ་ཞིག་མིན། བོད་དུ་མིའི་འགྲོ་བ་ཆགས་པ་ནས་བཟུང་འཚོ་སྡོད་བྱེད་མུས་རེད། བྱུང་རབས་ཧྲིལ་པོའི་ཐོག་བོད་རིགས་རྣམས་ས་ཁུལ་འདི་དག་ཏུ་གདོད་མ་ནས་གནས་སྡོད་བྱེད་མཁན་ཞིག་ཆགས་ཡོད།
ཁ ས་ཆའི་རྒྱ་ཁྱོན་གྱི་རྩོད་གཞི་མིན། བོད་ཀྱི་ས་ཆའི་རྒྱ་ཁྱོན་དེ་ཆེན་པོར་མངོན་སྲིད་ཀྱང་། ང་ཚོས་ཁ་བྲལ་མ་ཡིན་པར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རང་སྐྱོང་ས་ཁུལ་ཞིག་གི་ངོ་བོར་གནས་རྒྱུའི་འདུན་པ་འཆང་གི་ཡོད་སྟབས། ས་རྒྱ་ཆེ་ཆུང་ལ་མ་ལྟོས་པར་བོད་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཁོངས་སུ་གནས་རྒྱུ་རེད། རྒྱ་ནག་ནང་ཤིང་ཅང་ཡུ་གུར་རང་སྐྱོང་ལྗོངས་དང་། ནང་སོག་རང་སྐྱོང་ལྗོངས་ལྟ་བུ་རང་སྐྱོང་གི་གནས་བབ་ལྡན་པའི་ས་ཁུལ་ཆེན་པོ་དེ་འདྲ་ཡོད། ཤིང་ཅང་ཡུ་གུར་རང་སྐྱོང་ལྗོངས་ལ་མཚོན་ན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཁྱོན་གྱི་དྲུག་ཆ་གཅིག་ཙམ་དང་། ནང་སོག་རང་སྐྱོང་ལྗོངས་ལ་མཚོན་ན་བརྒྱད་ཆ་གཅིག་ཙམ་ཟིན་གྱི་ཡོད། དེར་བརྟེན་མི་རིགས་གཅིག་པ་ཡིན་པ་རྣམས་ལ་རང་སྐྱོང་ལྗོངས་གཅིག་བཟོ་རྒྱུར་ས་ཁྱོན་གྱི་ཐོག་ནས་འགོག་རྐྱེན་འཕྲད་དགོས་དོན་མེད།
དོན་དངོས་ཐོག་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཁྱོན་སྤྱིའི་བརྒྱ་ཆ་ ༦༤།༣ གྲངས་ཉུང་མི་རིགས་ ༥༥ གནས་སའི་རང་སྐྱོང་གི་ས་ཁུལ་ཁག་ ༡༥༥ ཡི་ཁོངས་སུ་གཏོགས་ཡོད། འོན་ཀྱང་གྲངས་ཉུང་མི་རིགས་ཁྱོན་བསྡོམས་པས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་འབོར་གྱི་བརྒྱ་ཆ་ ༨།༤༦ ཙམ་ལས་ཟིན་གྱི་མེད།
རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་འཛིན་པ་ཚོས་རང་གི་མངའ་ཁོངས་ས་ཁྱོན་གྱི་བརྒྱ་ཆ་ ༦༤།༣ ཐེ་ཚོམ་མེད་པར་རང་སྐྱོང་ས་ཁུལ་དུ་བཟོས་པ་ནི། ས་ཁུལ་དེ་དག་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཁོངས་སུ་གནས་ཡོད་པས་ཡིན། རྩ་ཁྲིམས་དོན་ཚན་ ༤ པའི་ནང་ ” །།མི་རིགས་རང་སྐྱོང་ས་གནས་ཁག་ཚང་མ་ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁ་འབྲལ་དུ་མི་རུང་བ་ཞིག་ཡིན། ” ཞེེས་འཁོད་ཡོད། འགག་རྩ་ནི་བོད་རིགས་རང་སྐྱོང་ས་ཁུལ་རྣམས་འཛིན་སྐྱོང་གཅིག་གི་ནང་བཞག་ཀྱང་རུང་། མང་པོའི་ནང་བཞག་ཀྱང་རུང་། དེས་བོད་རིགས་རང་སྐྱོང་ས་ཁུལ་གྱི་རྒྱ་ཁྱོན་ལ་ཁྱད་པར་མི་བཟོས་པ་མ་ཟད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱིའི་རྒྱ་ཁྱོན་ལའང་ཁྱད་པར་མི་འགྲོ
དེ་མཚུངས་བོད་རིགས་རང་སྐྱོང་ས་ཁུལ་རྣམས་འཛིན་སྐྱོང་གཅིག་གི་འོག་མ་བཞག་པས་བོད་རིགས་རང་སྐྱོང་ས་ཁུལ་ཁག་གི་རྒྱ་ཁྱོན་ཆུང་དུ་མི་འགྲོ གང་ལྟར་ཡང་བོད་རིགས་རང་སྐྱོང་ས་ཁུལ་ཁག་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཁྱོན་སྤྱི་ཡོངས་ཀྱི་བཞི་ཆ་གཅིག་ཟིན་གྱི་ཡོད།
དེར་བརྟེན་བོད་རིགས་རྣམས་འཛིན་སྐྱོང་གཅིག་གམ་མང་པོའི་འོག་འཇོག་རྒྱུ་དེ་དང་ས་ཆའི་རྒྱ་ཁྱོན་གཉིས་ཀྱི་བར་འབྲེལ་བ་གང་ཡང་མེད།
ག མི་རིགས་ལས་བྱུང་རབས་ཀྱི་གནད་དོན་མིན།
༡༽རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་འཛིན་པ་ཚོས་བྱུང་རབས་ནང་བོད་རིགས་རྣམས་འཛིན་སྐྱོང་གཅིག་གི་འོག་གནས་མྱོང་མེད་ཅེས་བརྗོད་པ་ནི་དངོས་བདེན་མིན། བོད་མི་རྣམས་དུས་རབས་ ༩ པའི་དཀྱིལ་ཙམ་བར་འཛིན་སྐྱོང་གཅིག་གི་འོག་གནས་ཡོད། དེ་རྗེས་ཕྱི་ལོ་ ༡༢༦༠ ལོར་འགྲོ་མགོན་ཆོས་རྒྱལ་འཕགས་པས་སླར་ཡང་བོད་རིགས་རྣམས་འཛིན་སྐྱོང་གཅིག་གི་འོག་ཆིག་བསྒྲིལ་མཛད་ཅིང་། དེ་ཡང་སོག་པོའི་རྒྱལ་པོ་ཀུབ་ལེ་ཁན་གྱིས་འགྲོ་མགོན་ཆོས་རྒྱལ་འཕགས་པར་ཕུལ་བ་ཞིག་ཡིན་པས། དེའི་ནང་བོད་ཆོལ་ཁ་གསུམ་གྱི་ས་མཚམས་དངོས་སུ་དབྱེ་གསལ་གནང་ཡོད། དེ་ལྟ་བུའི་འཛིན་སྐྱོང་གཅིག་གྱུར་ཕྱི་ལོ་ ༡༧༣༠ པའི་བར་མུ་མཐུད་གནས་ཡོད། དབུས་གཙང་དམག་འཁྲུག་རྗེས་བོད་དུ་མན་ཇུའི་དབང་ཤུགས་སླེབས་འགོ་ཚུགས་ཤིང་། གོང་མ་ཡུང་ཀྲེང་གི་སྐབས་བོད་ཀྱི་ས་ཁུལ་ཆ་ཤས་ཟི་ཁྲོན་དང་། ཀན་སུའུ། ཡུའུ་ནན་ཞིང་ཆེན་བཅས་ཀྱི་ནང་ཟླ་བསྒྲིལ་བཏང་།
༢༽ལྷག་པར་དུ་ང་ཚོས་བྱུང་རབས་ལ་གཞི་བཅོལ་ནས་དགོས་འདུན་འདོན་གྱི་མེད།ཚང་མས་ཤེས་གསལ་ལྟར་བྱུང་རབས་ནི་འགྱུར་བའི་རང་བཞིན་ཅན་ཡིན་པས་རྒྱ་ནག་ཐེ་བའི་འཛམ་གླིང་གི་རྒྱལ་ཁབ་གང་འདྲ་ཞིག་ཡིན་ནའང་ད་ལྟའི་གནས་བབ་བཞིན་བྱུང་རབས་ནང་འགྱུར་བ་མེད་པར་གནས་པ་གཅིག་ཀྱང་མེད། དཔེར་ན། ཕྱི་ལོ་ ༡༩༤༩ གོང་དུ་རྒྱ་ནག་ནང་དམར་ཤོག་ཚོགས་པས་དབང་སྒྱུར་བྱས་པའི་བྱུང་རབས་མེད་ནའང་། དེས་འདས་པའི་ལོ་ ༦༠ རིང་རྒྱ་ནག་དམར་ཤོག་ཚོགས་པས་རྒྱ་ནག་ལ་དབང་སྒྱུར་བྱེད་པར་འགོག་རྐྱེན་མེད་པ་ལྟ་བུ་རེད།
༣༽ང་ཚོའི་དགོས་འདུན་གྱི་གཞི་རྩ་འཇོག་ཡུལ་ནི་མར་ཁེ་སེ་དང་། ལེ་ནིན། མའོ་བཅས་ཀྱིས་གྲངས་ཉུང་མི་རིགས་ཐོག་འཛིན་པའི་མི་རིགས་ས་གནས་རང་སྐྱོང་གི་ལྟ་གྲུབ་དང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་གསལ་བའི་ཆ་རྐྱེན་ཁག་རེད། མི་རིགས་ས་གནས་རང་སྐྱོང་གི་ལྟ་གྲུབ་ནི་བྱུང་རབས་ལ་གཞི་བཅོལ་བ་མ་ཡིན་པར་གསར་བརྗེའི་ལྟ་གྲུབ་ལས་བྱུང་བ་ཞིག་ཡིན།
ང ས་མཚམས་བཅོས་སྒྱུར་བྱེད་རྒྱུ་དེ་འགོག་རྐྱེན་མིན།
རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་འཛིན་པ་ཚོས་རྒྱ་ནག་ནང་ས་མཚམས་བཅོས་སྒྱུར་ཐུབ་ཐབས་མེད་ལུགས་བརྗོད་ཀྱི་ཡོད།
༡༽འོན་ཀྱང་ང་ཚོས་དེ་ལྟར་བྱེད་ཐུབ་པར་མཐོང་གི་ཡོད། གང་ཡིན་ཞེ་ན། མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་ནང་དེ་ལྟར་ཆོག་པའི་ཆ་རྐྱེན་འཁོད་ཡོད།
མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་དོན་ཚན་ ༡༤ ནང་།
མི་རིགས་རང་སྐྱོང་ས་གནས་འཛུགས་རྒྱུ་དང་། ས་མཚམས་གཅོད་སྟངས། མཚོན་མིང་འདོགས་ལུགས་བཅས་ནི་གོང་རིམ་རྒྱལ་ཁབ་གཞུང་གི་ལས་ཁུངས་ནས་ཁུངས་འབྲེལ་ས་གནས་ཀྱི་རྒྱལ་ཁབ་གཞུང་གི་ལས་ཁུངས་དང་། དེ་འབྲེལ་མི་རིགས་ཀྱི་འཐུས་མི་དང་གྲོས་མོལ་ལེགས་པར་བྱས་ནས་འཆར་འགོད་བཟོས་ཐོག བཅའ་ཁྲིམས་ནང་གཏན་ལ་ཕབ་པའི་གོ་རིམ་ལྟར་སྙན་སེང་བཀའ་འཁྲོལ་ཞུ་རྒྱུ།
མི་རིགས་རང་སྐྱོང་ས་གནས་བཙུགས་མཚམས་སུ་ཁྲིམས་འཁོད་གོ་རིམ་མ་བརྒྱུད་ན། མེད་པར་བཟོ་བའམ་ཟླ་སྒྲིལ་བཏང་མི་ཆོག མི་རིགས་རང་སྐྱོང་ས་གནས་ཀྱི་ས་མཚམས་གཏན་ཁེལ་མཚམས་སུ་ཁྲིམས་འཁོད་གོ་རིམ་མ་བརྒྱུད་ན། གང་བྱུང་དུ་བསྒྱུར་བཅོས་བྱས་མི་ཆོག མེད་པར་བཟོ་དགོས་པ་དང་ཟླ་སྒྲིལ་བྱ་དགོས་པའམ་བསྒྱུར་དགོས་བྱུང་ཚེ་གོང་རིམ་རྒྱལ་ཁབ་གཞུང་གི་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་གྲོས་མོལ་ལེགས་པར་བྱས་ཏེ་འཆར་འགོད་བཟོས་རྗེས་ཁྲིམས་འཁོད་གོ་རིམ་ལྟར་སྙན་སེང་བཀའ་འཁྲོལ་ཞུ་རྒྱུ། ཞེས་གསལ་ཡོད།
༢༽ང་ཚོས་བོད་རིགས་རང་སྐྱོང་ས་གནས་ནང་ས་ཆ་འཕར་སྣོན་དགོས་པའི་རེ་འདུན་འདོན་གྱི་མེད། འཛིན་སྐྱོང་ཁོ་ན་འགྱུར་བ་བཏང་སྟེ། རང་སྐྱོང་འཛིན་སྐྱོང་མང་པོའི་ཚབ་ཏུ་རང་སྐྱོང་འཛིན་སྐྱོང་གཅིག་འཛུགས་དགོས་པ་བརྗོད་ཀྱི་ཡོད། དེ་ལྟར་བྱེད་པས་རྒྱ་ནག་དང་རྒྱལ་ཁབ་གཞན་དབར་གྱི་ས་མཚམས་ལ་ཧེ་བག་མི་འགྲོ་ལ། དེ་བཞིན་རྒྱ་ནག་ནང་ཁུལ་གྱི་རང་སྐྱོང་དང་རང་སྐྱོང་མིན་པའི་ས་མཚམས་ལའང་ཧེ་བག་མི་འགྲོ ལྷག་པར་དུ་རྒྱ་ནག་གི་ས་ཁྱོན་ཆིག་བསྒྲིལ་ལ་དེ་བས་ཀྱང་ཁྱད་པར་མི་འགྲོ
ཅ རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་ས་མཚམས་བཅོས་སྒྱུར་བྱས་པའི་ལམ་སྲོལ།
དེ་སྔ་རྒྱ་ནག་ནང་རང་སྐྱོང་ས་ཁུལ་ཁག་དང་། ཞིང་ཆེན་བཅས་པའི་ས་མཚམས་བཅོས་སྒྱུར་བྱས་མྱོང་ཡོད། འདིར་དཔེ་མཚོན་འགའ་ཤས་བཀོད་ན།
༡.ནང་སོག་རང་སྐྱོང་ལྗོངས། ནང་སོག་རང་སྐྱོང་ལྗོངས་ནི་ཕྱི་ལོ་ ༡༩༤༧ ལོར་རྒྱ་ནག་དམར་ཤོག་ཚོགས་པས་སོ་ཝེ་ཏའི་མི་རིགས་སྲིད་བྱུས་གཞིར་བཟུང་གསར་འཛུགས་བྱས་ཤིང་། ཐོག་མར་དེའི་ནང་ཧུའུ་ལུན་པུའུར་ས་ཁུལ་ཙམ་ཚུད་ཡོད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས་ལོ་བཅུ་ཕྲག་གཅིག་ཙམ་ནང་ནང་སོག་དེ་ཉིད་ནུབ་ངོས་སུ་རྒྱ་བསྐྱེད་བྱས་ཏེ་ཚོ་ཤོག་དྲུག་ཏུ་གྲགས་པའི་སོག་པོའི་མི་རྒྱུད་ཐོག་མ་རྣམས་ཀྱི་ནང་ནས་ལྔ་དེའི་ཁོངས་སུ་ཟླ་བསྒྲིལ་བཏང་། དེ་རྗེས་རིམ་བཞིན་སོག་རིགས་མི་འབོར་མང་ཙམ་གནས་སྡོད་བྱེད་པའི་ས་ཁུལ་ཡོངས་རྫོགས་དེའི་ཁོངས་ཟླ་བསྒྲིལ་བཏང་བར་བརྟེན་ད་ཡོད་ནང་སོག་གི་ས་ཁྱོན་དང་ས་ཁྲའི་བཟོ་དབྱིབས་ནར་མོ་ཅན་དེ་བྱུང་།
རིག་གནས་གསར་བརྗེའི་སྐབས་ཕྱི་ལོ་ ༡༩༦༩ ལོར་ནང་སོག་གི་ས་ཆ་མང་ཆེ་བ་ཉེ་འགྲམ་གྱི་ཞིང་ཆེན་གཞན་ཚོའི་ནང་ཟླ་བསྒྲིལ་བཏང་ཡང་། ཕྱི་ལོ་ ༡༩༧༩ ལོར་སླར་ཡང་ས་ཆ་དེ་དག་ནང་སོག་རང་སྐྱོང་ལྗོངས་ཀྱི་ནང་བཀོད་སྒྲིག་བྱས།
༢.ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས། ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ནི་ཕྱི་ལོ་ ༡༩༥༨ ལོར་ཀོང་ཞི་ཞིང་ཆེན་ཕྱིར་བསྡུས་ཀྱིས་ཀྲོང་རིགས་རང་སྐྱོང་ལྗོངས་སུ་བསྒྱུར།
ཀོང་ཞི་ནས་རྒྱ་མཚོར་ཐད་ཀར་འགྲོ་བསྐྱོད་ཐུབ་སླད་ཀོང་ཏུང་གི་མཚོ་མཐའི་ས་ཆ་ཆུང་ངུ་ཞིག་ཕྱི་ལོ་ ༡༩༥༢ ལོར་ཀོང་ཞིའི་ཁོངས་སུ་བཅུག་པ་དེ་དག་ཕྱི་ལོ་ ༡༩༥༥ ལོར་ཕྱིར་ལོག་བྱས་ཀྱང་། ཕྱི་ལོ་ ༡༩༦༥ ལོར་སླར་ཡང་ཀོང་ཞིའི་ཁོངས་སུ་རང་འཇགས་བཅུག་ཡོད།
༣.ཧའི་ནན་ཞིང་ཆེན། ཕྱི་ལོ་ ༡༩༨༨ ལོར་ཧའི་ནན་མཚོ་གླིང་དེ་བཞིན་ཀོང་ཏུང་ནས་ཁ་ཕྲལ་ཏེ་ཞིང་ཆེན་གྱི་ངོ་བོར་གསར་འཛུགས་བྱས་ཡོད།
༤.ཁྲོང་ཅིང་ཐད་སྐྱོང་གྲོང་ཁྱེར། ཁྲོང་ཅིང་ནི་ཕྱི་ལོ་ ༡༩༩༧ ལོར་ཟི་ཁྲོན་ཞིང་ཆེན་ནས་འཐེན་ཏེ་དབུས་གཞུང་གིས་ཐད་འཛིན་བྱེད་པའི་གྲོང་ཁྱེར་གྱི་ངོ་བོར་གསར་འཛུགས་བྱས་ཡོད།
ལྔ་པ། ཡུན་རིང་ལུས་པ་ཞིག་ལས། རེ་འདུན་གསར་པ་མིན།
བོད་རིགས་ས་ཁུལ་ཡོངས་རྫོགས་རང་སྐྱོང་འཛིན་སྐྱོང་གཅིག་གི་འོག་འཇོག་རྒྱུ་དེ་བསམ་བཏང་དྲན་སྐྱེད་བྱེད་པའམ། ཡང་ན་དགོས་འདུན་གསར་པ་བཏོན་པ་གང་ཡང་མིན་ཞིང་།
1)ཕྱི་ལོ་ ༡༩༥༡ ལོར་གྲོས་མཐུན་དོན་ཚན་ ༡༧ བཞག་སྐབས་གནད་དོན་འདི་གླེང་སློང་བྱས་ཡོད། ང་ཕོད་ངག་དབང་འཇིགས་མེད་ཀྱིས་དབུ་ཁྲིད་པའི་བོད་མིའི་སྐུ་ཚབ་ཚོས་སྙན་ཞུ་ཕུལ་བར་སྲིད་བློན་ཀྲོའུ་ཨེན་ལེ་ཡིས་ངག་ཐོག་ནས་ལན་འདེབས་གནང་དོན། བོད་རིགས་ཡོངས་རྫོགས་གཅིག་གྱུར་བྱེད་རྒྱུའི་བསམ་ཚུལ་དེ་འོས་ཤིང་འཚམས་པ་ཞིག་རེད། འོན་ཀྱང་ད་ལྟ་དུས་ལ་བབས་མེད་ཅེས་གསུངས་ཡོད།
2)ཕྱི་ལོ་ ༡༩༥༡ ཟླ་ ༩ ཚེས་ ༢༩ ཉིན་བོད་གཞུང་བཀའ་ཤག་གིས་རྒྱ་དཔོན་ཀྲང་ཅིང་ཨུ་ལ་དོན་ཚན་གསུམ་འཁོད་པའི་བསམ་འཆར་བཏོན་ཡོད་པ་དང་། དེའི་ནང་གི་དོན་ཚན་དང་པོ་ནི་བོད་རིགས་ཡོངས་རྫོགས་འཛིན་སྐྱོང་གཅིག་གི་འོག་འཇོག་དགོས་པ་དེ་ཡིན།
3)ཕྱི་ལོ་ ༡༩༥༣ ལོར་ཆབ་མདོ་ས་ཁུལ་མི་དམངས་བཅིངས་བཀྲོལ་ཨུ་ཡོན་ལྷན་ཁང་གི་གཙོ་འཛིན་གཞོན་པ་སྡེ་དགེ་སྐལ་བཟང་དབང་འདུས་སོགས་ཀྱིས་བོད་རིགས་ཡོངས་རྫོགས་འཛིན་སྐྱོང་གཅིག་གི་འོག་འཇོག་དགོས་པའི་རེ་འདུན་བཏོན་ཡོད།
4)ཕྱི་ལོ་ ༡༩༥༦ ལོར་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་དབུ་འཛུགས་སྐབས་ལྷ་སར་བཞུགས་མོལ་ཚོགས་འདུ་ཞིག་སྐོང་ཚོགས་བྱས་པའི་ནང་རྒྱ་ནག་གི་སྲིད་བློན་གཞོན་པ་ཁྲན་དབྱི་དང་། སྐུ་ཚབ་གཞན་ཚོས་ལྷ་ས་དབུས་སུ་བྱས་ནས་དེའི་ཁོངས་སུ་མཚོ་སྔོན་དང་། ཀན་སུའུ། ཟི་ཁྲོན། ཡུའུ་ནན་སོགས་ཀྱི་ནང་ཡོད་པའི་བོད་རིགས་ས་ཁུལ་ཁག་ཟླ་བསྒྲིལ་བཏང་སྟེ་གཅིག་གྱུར་གྱི་བོད་རིགས་རང་སྐྱོང་ལྗོངས་ཤིག་འཛུགས་ཐུབ་ན། དེས་བོད་རིགས་ས་ཁུལ་ཡོངས་ཀྱི་ཡར་རྒྱས་དང་། རྒྱལ་ཁབ་གཅིག་གྱུར་དང་སྲ་བརྟན། བོད་རྒྱ་མི་རིགས་དབར་གྱི་མཐུན་བསྒྲིལ་བཅས་ལ་ཕན་ཐོགས་ཡོད་གནས་བརྗོད་ཡོད།
དེ་རྗེས་གནས་ཚུལ་འདིའི་ཐོག་ཞིབ་ཆ་འཆར་འགོད་ཆེད་རྒྱ་ནག་གི་དབུ་ཁྲིད་ཚོས་གུང་ཁྲན་ཏང་མི་རྒན་གྲས་སངས་རྒྱས་ཡེ་ཤེས་(ཐེན་པའོ་)ཆེད་གཏོང་གིས་དམིགས་བསལ་ཚོགས་ཆུང་བཙུགས་ནས་ཞིང་ཆེན་ལྔའི་ནང་ཡོད་པའི་བོད་རིགས་ས་ཁུལ་ཁག་ཟླ་བསྒྲིལ་བཟོ་ཕྱོགས་ལས་འཆར་བཟོ་རྒྱུ་ཡིན་ནའང་། བོད་དུ་གཡོན་ཐལ་རིང་ལུགས་པའི་བྱ་སྤྱོད་ཐོན་པར་བརྟེན་ལས་དོན་བྱེད་མ་ཐུབ།
5)དེ་མཚུངས་ཕྱི་ལོ་ ༡༩༨༠ ལོར་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བོད་རིགས་ཏང་ཡོན་ཁག་གཅིག་གིས་རྒྱ་ནག་དབུས་གཞུང་ལ་བོད་ཀྱི་ས་ཁུལ་ཡོངས་རྫོགས་འཛིན་སྐྱོང་གཅིག་གི་འོག་འཇུག་དགོས་ས་རྟགས་འཁོད་པའི་སྙན་ཞུ་ཕུལ་ཡོད།
6)སྐབས་དེའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་གཞོན་པཎ་ཆེན་སྐུ་ཕྲེང་ ༡༠ པ་མཆོག་གིས་བོད་རིགས་རོགས་སྐྱོར་ཐེབས་རྩ་གསར་འཛུགས་སྐབས། ” བོད་རིགས་གཅིག་གྱུར་གྱི་རང་སྐྱོང་ལྗོངས་འཛུགས་རྒྱུའི་འདོད་ཚུལ་དེ་ནི་འོས་ཤིང་འཚམས་པ་དང་། ཁྲིམས་དང་མཐུན་པ། རྒྱ་ཆེའི་བོད་མིའི་བསམ་ཚུལ་དང་མཐུན་པ་ཞིག་ཀྱང་རེད། ཆ་རྐྱེན་སྨིན་མ་སྨིན་གྱི་གནད་དོན་ཙམ་ལས་ཕྱི་བཤོལ་དང་། ལོག་སྤྱོད་ཀྱི་གནས་ཚུལ་གང་ཡང་མ་རེད། ” ཅེས་བཀའ་གནང་ཡོད།
7)དེ་བཞིན་གུང་ཁྲན་ཏང་མི་རྒན་གྲས་ཕུན་ཚོགས་དབང་རྒྱལ་གྱིས་ཀྱང་། ” བོད་ཁུལ་གཅིག་གྱུར་རང་སྐྱོང་གི་རེ་འདུན་དེ་སྔ་ས་ལོ་རབས་ལྔ་བཅུ་པའི་ནང་ཀྲུང་དབྱང་དང་འབྲེལ་ཡོད་དབུ་ཁྲིད་ཀྱིས་ རྩ་དོན་ཐོག་ནས་ཀྱང་མོས་མཐུན་གནང་མྱོང་ཡོད། ” ཅེས་གསུངས་ཡོད།
དྲུག་པ། བོད་རིགས་ཡོངས་ལ་འཛིན་སྐྱོང་གཅིག་གི་ཁེ་ཕན་ཁག དབུས་གཞུང་ལ་ཁེ་ཕན་ཇི་ཡོད།
- རྩ་ཁྲིམས་ཀྱི་དགོངས་དོན་བཞིན་མི་རིགས་ཕན་ཚུན་དབར་མི་རིགས་འདྲ་མཉམ་དང་། གཅིག་བསྒྲིལ་མངོན་གྱུར་ཡོང་བར་ཕན་རྒྱུ།
- གྲངས་ཉུང་མི་རིགས་སྤྱི་དང་། བྱེ་བྲག་ཏུ་བོད་མི་ཚོའི་ཁྲོད་རྒྱ་ནག་དབུས་གཞུང་ལ་གདེངས་འཇོག་དང་། ཡིད་ཆེས་བློས་འགེལ་བསྐྲུན་ཐུབ་པ་ཡོང་རྒྱུ།
- ས་གནས་མི་རིགས་རིང་ལུགས་ཚོད་འཛིན་ཐུབ་པ་ཡོང་རྒྱུ།
- རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆིག་བསྒྲིལ་དང་། བརྟན་ལྷིང་འགན་སྲུང་ཐུབ་པ་ཡོང་རྒྱུ།
- བོད་རིགས་དང་། མི་རིགས་གཞན་དག་ཚང་མའི་དབར་ཞི་བདེ་མཉམ་གནས་ཐུབ་པ་དང་། མཐུན་འབྲེལ་དམ་གཙང་ཡོང་རྒྱུ།
- རྒྱ་ནག་གིས་གཙིགས་ཆེར་འཛིན་པའི་ ” འཆམ་མཐུན་གྱི་སྤྱི་ཚོགས་ ” དང་། “ཞི་བའི་སྒོ་ནས་འཕེལ་རྒྱས་ ” ཞེས་པའི་རྩ་དོན་རྣམས་མངོན་གྱུར་ཐུབ་པར་ཕན་ཐོགས་ཡོང་ངེས་བཅས།
བོད་མིར་ཁེ་ཕན་ཇི་ཡོད།
- འགྲོ་བ་མི་རིགས་ཡོངས་ལ་དོན་དང་ལྡན་པའི་ཞབས་འདེགས་བསྒྲུབ་རྒྱུའི་ནུས་པ་ཡོད་པའི་བོད་ཀྱི་ཐུན་མོང་མ་ཡིན་པའི་ལེགས་བྱང་དང་། ངོ་བོ་བཅས་མི་ཉམས་རྒྱུན་འཛིན་དང་སྲུང་སྐྱོབ་ཐུབ་པ་ཡོང་རྒྱུ།
- བོད་རིགས་འདི་བཞིན་རྒྱ་མི་རིགས་ཆེན་པོའི་ནང་ཐིམ་ཉེན་དང་། མི་རིགས་རྩ་བརླག་འགྲོ་གཞི་ལས་སྲུང་སྐྱོབ་ཐུབ་རྒྱུ།
- ཨེ་ཤ་ཡའི་གླིང་ཆེན་ཡོངས་རྫོགས་ཀྱི་ཁོར་ཡུག་གནས་སྟངས་དང་འབྲེལ་ལྟོས་ཆེ་བའི་བོད་ཀྱི་གཉོད་ཆུང་བའི་ཁོར་ཡུག་ལ་སྲུང་སྐྱོབ་ཐུབ་རྒྱུ།
- སྤྱི་ཚོགས་དང་། དཔལ་འབྱོར་འཕེལ་རྒྱས་ལ་ཕན་ཐོགས་ཡོང་ངེས་བཅས།
རང་སྐྱོང་སྲིད་གཞུང་ལ་ཁེ་ཕན་ཇི་ཡོད།
- འཛིན་སྐྱོང་བྱེད་བདེ་ཡོང་རྒྱུ།
- འཛིན་སྐྱོང་གི་འགྲོ་གྲོན་ཆུང་དུ་འགྲོ་རྒྱུ།
- སྤྱི་ཚོགས་ཡོངས་ཀྱི་ཆེད་དུ་རང་བྱུང་འཐོན་ཁུངས་བེད་སྤྱོད་དང་། གཅིག་བསྡུས་ཡར་རྒྱས་ཀྱི་འཆར་གཞི་ཁག་ཚད་ལྡན་བཟོ་ཐུབ་རྒྱུ།
- ཤེས་ཡོན་དང་། འཕྲོད་བསྟེན། ཁོར་ཡུག སྤྱི་ཚོགས་ཀྱི་ལམ་སྲོལ་བཅས་ཀྱི་ཐོག་གཅིག་གྱུར་གྱི་སྲིད་བྱུས་གཏན་འབེབས་ཐུབ་པ་ཡོང་རྒྱུ།
- དབུས་གཞུང་དང་། ཞིང་ཆེན་ཁག དེ་བཞིན་རང་སྐྱོང་ས་ཁུལ་གཞན་དག་གི་དབར་མཐུན་འབྲེལ་གོང་འཕེལ་གཏོང་ཐུབ་པ་ཡོང་རྒྱུ།
- བོད་མི་རིགས་ཀྱི་ཆེད་དུ་གཏན་འབེབས་བྱས་པའི་དབུས་གཞུང་གི་སྲིད་བྱུས་དང་། ལམ་སྟོན་ཁག་ལག་བསྟར་ཕན་ནུས་ལྡན་པ་ཡོང་རྒྱུ་བཅས།
བདུན་པ། མཐའ་བསྡོམས།
དེང་གི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་ཡོད་པའི་བོད་མི་ཡོངས་ཀྱིས་རང་གི་ཐུན་མོང་མ་ཡིན་པའི་ངོ་བོ་སྲུང་སྐྱོབ་དང་། གོང་འཕེལ་གཏོང་ཆེད་གཅིག་གྱུར་གྱི་སྲིད་བྱུས་ཤིག་ཡོང་རེ་བྱེད་པའི་གཞི་རྩའི་མངོན་འདོད་དེ་ནི། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་། དེ་འབྲེལ་ཁྲིམས་སྒྲིག་ཁག་གིས་སྤྲད་པའི་ཐོབ་ཐང་ཞིག་ཡིན། གོང་དུ་གསལ་བའི་དངོས་ཡོད་གནས་ཚུལ་ཁག་ལ་གཞིགས་ན། བོད་རིགས་རང་སྐྱོང་ས་ཁུལ་ཚང་མ་རང་སྐྱོང་གི་འཛིན་སྐྱོང་གཅིག་ཏུ་བཟོ་རྒྱུ་དེ་ནི་འོས་འཚམས་མ་ཟད། བདེ་བླག་ཏུ་བསྒྲུབ་ཐུབ་པ་ཞིག་ཡིན། དེའི་ཆེད་དུ་རྩ་ཁྲིམས་ལ་བསྐྱར་བཅོས་དང་། ཆབ་སྲིད་ཀྱི་ལམ་སྲོལ་ལ་འགྱུར་བ་གཏོང་དགོས་མེད་ཅིང་། རྒྱ་ནག་གི་དབུ་ཁྲིད་ཚོར་ཆབ་སྲིད་ཀྱི་ཆོད་སེམས་ཡོད་པ་ཙམ་གྱིས་བསྒྲུབ་ཐུབ།།