༢༠༠༩ ཕྱི་ཟླ་ ༡༠ ཚེས་ ༩ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༠༩ ཟླ་ ༡༠ ཚེས་ ༡༠ ཉིན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས་ཕྱི་ལོ་ ༢༠༠༩ ལོའི་བདེན་པའི་འོད་སྣང་གི་བྱ་དགའ་དེ་བཟོད་བསྲན་དང་བྱམས་བརྩེ། འགྲོ་བ་མིའི་ཆེ་མཐོང་སོགས་ཀྱི་གནད་དོན་གོང་མཐོར་གཏོང་རྒྱུར་འབད་བརྩོན་དང་། བོད་མིའི་གནད་དོན་ཐོག་གདུང་སེམས་མཉམ་
སྐྱེ་དང་རྒྱབ་སྐྱོར་གནང་མཁན་རྒྱ་རིགས་རྩོམ་པ་པོ་དང་། ཞིང་པ། བཟོ་པ། དགེ་རྒནབཅས་ཁྱོན་མི་གྲངས་ ༣༠༨ ནས་བོད་ཀྱི་གནད་དོན་ཐག་གཅོད་བྱ་ཕྱོགས་ཀྱི་དོན་ཚན་ ༡༢ ཡོད་པའི་བསམ་འཆར་ལ་མཚན་རྟགས་བཀོད་དེ་སྙན་ཞུ་ཕུལ་མཁན་དེ་རྣམས་ལ་གནང་ཡོད་པ་ད་རེས་དངོས་སུ་བཞེས་མཁན་རྒྱ་རིགས་རྩོམ་པ་པོ་སྐུ་ཞབས་ཝང་ལི་ཞུུང་ Wang Lixiong ནས་ཚང་མའི་ཚབ་བྱས་ཏེ་ཞུས་ཡོད་པ་དང་།བྱ་དགའ་ཐོབ་མཁན་གཞན་ཞིག་ནི་དེ་སྔོན་ཕྱི་ལོ་ ༢༠༠༡ ནས་ཕྱི་ལོ་ ༢༠༠༤ བར་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཚེ་འདས་ལྕམ་སྐུ་དམ་པ་ཇུ་ལི་ཡ་ཊབ་ Julia Taft ཡིན་པ་རེད། བྱ་དགའ་འབུལ་རྒྱུའི་མཛད་སྒོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གདན་ཞུའི་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ཡོད། དེ་བཞིན་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ནན་སི་པི་ལོ་སི་ Nancy Pelosi མཆོག་སོགས་སྐུ་མགྲོན་ ༥༠༠ ལྷག་ཙམ་དང་གསར་འགོད་པ་དེར་ཕེབས་ཡོད།
མཛད་སྒོ་དབུ་འཛུགས་ཀྱི་ཐོག་མར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཞོན་སྐུ་ཞབས་མེ་རི་ནས་སྐུ་མགྲོན་རྣམས་ལ་འཚམས་འདྲི་ཞུས་པ་དང་སྦྲགས་གསུང་གསལ། རྒྱ་གཞུང་གིས་བོད་མི་ཚོར་དྲག་གནོན་བྱེད་རྒྱུར་སེམས་ཐག་གཙང་བཅད་བྱེད་བཞིན་ཡོད་ནའང་ང་ཚོས་བོད་མི་ཚོར་གདུང་སེམས་མཉམ་སྐྱེ་དེ་སྔར་ལས་ཤུགས་ཆེ་རུ་ཕྱིན་ཡོད། ཅེས་གསུངས། དེ་རྗེས་ཨ་རིའི་བོད་དོན་དམིག་བསལ་འབྲེལ་མཐུད་པ་ཟུར་པ་ལྕམ་སྐུ་པ་བོ་ལ་ཌེ་པན་སེ་ཀི་ནས་བྱ་དགའ་ཐོབ་མཁན་ཇུ་ལི་ཡ་དམ་པ་དེ་ངོ་སྤྲོད་གནང་། སྐུ་ཚབ་ཝིན་སི་ཊོན་ནས་རྩོམ་པ་པོ་གྲགས་ཅན་ཝང་ལི་ཞུང་ངོ་སྤྲོད་གནང་གྲུབ་མཚམས་༸གོང་ས་མཆོག་ནས་རྒྱ་རིགས་རྩོམ་པ་པོ་མཁས་དབང་ཝང་ལི་ཞུང་ལ་ཕྱི་ལོ་ ༢༠༠༩ ལོའི་བདེན་པའི་འོད་སྣང་གི་བྱ་དགའ་དེ་གནང་། སྐབས་དེར་ཝང་ལི་ཞུང་གིས་གསུང་དོན། ༸གོང་ས་མཆོག་དང་། བཀུར་འོས་ཚོགས་བཅར་བ་རྣམས་ལ་ཞུ་རྒྱུ། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས་ཕྱི་ལོ་ ༢༠༠༩ ལོའི་བདེན་པའི་འོད་སྣང་གི་བྱ་དགའ་འདི་བཞིན་ང་ཚོར་གནང་བར་སྙིང་ཐག་པ་ནས་བཀའ་དྲིན་ཆེ། ད་ལྟ་ང་ལ་ཆེ་མཐོང་ཐོབ་པའི་སྐབས་འདིར་སྔ་ལོ་ ༢༠༠༨ ཟླ་ ༣ པའི་ནང་རྒྱ་རིགས་མཁས་དབང་དང་རྩོམ་པ་པོ་སོགས་ཁྱོན་མི་གྲངས་ ༣༠༨ ཙམ་གྱིས་མཚན་རྟགས་བཀོད་པའི་བོད་དོན་རྒྱབ་སྐྱོར་གྱི་སྙན་ཐོ་དོན་ཚན་ ༡༢ ཅན་ཞིག་རྒྱ་གཞུང་ལ་ཕུལ་བར་བརྟེན་རྒྱ་གཞུང་ནས་མཚན་རྟགས་བཀོད་མཁན་རྒྱ་རིགས་ཚོར་སྡིགས་ར་བསྐུལ་བ་དང་། ལས་ཀ་ནས་གནས་དབྱུང་བཏང་བ། བཙོན་འཇུག་བྱེད་པ་སོགས་ཀྱི་དམ་བསྒྲགས་ཤུགས་ཆེ་བྱས་ཡོད་པའི་ཁོངས་ནས་ད་ལྟ་རྒྱ་ནག་གི་བཙོན་དུ་ཡོད་པ་སྐུ་ཞབས་ལི་ཞའོ་པོ་ Liu Xiaobo ཁོང་ལ་ང་རང་སེམས་ཁྲལ་ཧ་ཅང་ཆེན་པོ་འདུག ང་ཚོས་མིང་རྟགས་བཀོད་པ་དེས་རྒྱ་གཞུང་ལ་ཁ་གཏད་བྱས་པ་དེ་འདྲ་གང་ཡང་མིན། དེ་ལས་ལྡོག་སྟེ་ང་ཚོ་རྒྱ་ནག་རྒྱལ་ཁབ་ལ་ཧ་ཅང་དགའ་མོས་ཆེན་པོ་ཡོད། འོན་ཀྱང་རྒྱ་ནག་རྒྱལ་ཁབ་ལ་གཅེས་འཛིན་ཡོད་པ་དེས་རྒྱ་གཞུང་ལ་གཅེས་པོ་ཡོད་པའི་གོ་དོན་མིན། ང་ཚོས་འཇིགས་སྣང་མེད་པའི་ཐོག་རྒྱ་གཞུང་གིས་བྱ་སྤྱོད་ལ་སྐྱོན་བརྗོད་བྱས་པ་དེས་རྒྱ་ནག་རྒྱལ་ཁབ་ལ་ཕན་པའི་ཆེད་དུ་ཡིན། སྐྱོན་བརྗོད་གང་ཡང་བཤད་ས་མེད་པའི་རྒྱ་གཞུང་གི་བྱ་སྤྱོད་འདིས་རྒྱ་ནག་རྒྱལ་ཁབ་ལ་གནོད་སྐྱེལ་བཞིན་ཡོད། རྒྱ་གཞུང་གིས་ང་ཚོར་བོད་ཀྱི་ཕྱོགས་བཟུང་གི་ཡོད་པའི་སྐྱོན་འཛུགས་བྱས་ཡོད་ཀྱང་དོན་དངོས་དེ་འདྲ་གང་ཡང་མིན། ང་ཚོས་བོད་ཀྱི་གནད་དོན་ལ་རྒྱབ་སྐྱོར་བྱས་པ་དེ་དྲང་བདེན་གྱི་ལངས་ཕྱོགས་བཟུང་བ་ཞིག་ཡིན་པ་ལས་ཕྱོགས་རིས་ཀྱི་ལངས་ཕྱོགས་བཟུང་བ་དེ་འདྲ་མིན། དཔེར་ན་རྒྱ་མཚོའི་ནང་སྐྱོད་བཞིན་པའི་གྲུ་གཟིངས་ཀྱི་མཚན་མོའི་མུན་ནག་དེ་སེལ་མཁན་འོད་ཟེར་ཡིན་པ་བཞིན་ང་ཚོའི་མུན་ནག་སེལ་མཁན་བདེན་པ་དེ་ཡིན། དེར་བརྟེན་བྱ་དགའ་འདིའི་མིང་ལའང་བདེན་པའི་འོད་སྣང་ཞེས་མིང་དོན་མཚུངས་བ་ཞིག་བྱུང་ཡོད།
ད་ལྟའི་རྒྱ་ནག་གཅིག་བསྡུས་རིང་ལུགས་པ་ཚོས་བྱུས་ངན་བཤམས་པ་དང་། འཁྱོག་བཤད་ཀྱི་དྲིལ་བསྒྲགས་བྱེད་པ། དྲང་བདེན་གནས་ཚུལ་ཇི་བྱུང་ལ་དམ་བསྒྲགས་བྱས་པ་དེས་རྒྱ་ནག་མི་དམངས་ཚོར་བོད་ཀྱི་དྲང་བདེན་གྱི་གནས་ཚུལ་དང་། ༸གོང་ས་མཆོག་གི་བོད་རྒྱ་གཉིས་སྨན་གྱི་དབུས་མའི་ལམ་གྱི་དགོངས་བཞེད་ཇི་ཡིན་ཤེས་རྟོགས་ཡོང་རྒྱུར་ད་ལྟའི་ཆར་དཀའ་ལས་ཁག་པོ་ཞིག་དང་ཡོང་མི་ཐུབ་པ་ལྟ་བུ་ཞིག་ཆགས་ཡོད། གནས་སྟངས་འདིའི་འོག་བོད་ཀྱི་གནད་དོན་ཡུན་རིང་བར་སེལ་མི་ཐུབ་པའི་དཀའ་ངལ་ཞིག་བཟོས་ཡོད། དཀའ་ངལ་དེ་དག་སེལ་རྒྱུའི་ལས་ཀ་དེ་རྒྱ་རིགས་ཤེས་ཡོན་ཅན་ཚོར་ཡོད། དྲང་བདེན་ལས་ཁྱད་དུ་འཕགས་པའི་ཤེས་ཡོན་ཞིག་མེད། ཅེས་གསུངས་པ་དང་སྦྲགས་ཁོང་ནས་༸གོང་ས་མཆོག་གིས་རྒྱ་མི་རིགས་དང་བོད་མི་རིགས་གཉིས་དབར་འཆམ་མཐུན་ངང་གནས་ཐུབ་རྒྱུའི་ཐུགས་བརྩོན་མཛད་པ་དེར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད་པ་བཅས་ཀྱི་གནས་བསྡུས་སུ།