༢༠༠༩ ཕྱི་ཟླ་ ༩ ཚེས་ ༡༦ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༠༩ ཟླ་ ༩ ཚེས་ ༡༣ དང་ ༡༤ ཉིན་ཨ་རིའི་སྲིད་འཛིན་གྱི་སློབ་སྟོན་པ་བགྲེས་པ་ལྕམ་སྐུ་བ་ལེ་རི་ཇེར་རེ་ཌ Valerie Jarrett དང་ཕྱི་སྲིད་དྲུང་ལས་ལྕམ་སྐུ་མ་རི་ཡ་ཨོ་ཏེ་རོ་ Maria Otero བཅས་བཞུགས་སྒར་རྡ་སར་བཅར་ཏེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་འཕྲད་དང་གསུང་མོལ་གནང་ཡོད་པ་རེད། མ་རི་ཡ་ཨོ་ཏེ་རོ་ནས་༸གོང་ས་མཆོག་ལ་ཁོ་མོ་བོད་དོན་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་ཀྱི་འོས་མིར་བསྐོ་འཛུགས་གནང་བྱུང་བའི་སྐོར་སྙན་སྒྲོན་ཞུས་ཡོད། སྲིད་འཛིན་གྱི་སློབ་སྟོན་པ་བ་ལེ་རི་ཇེར་རེ་ཌ་ Valerie Jarrett ནས་༸གོང་ས་མཆོག་ལ་ཨ་རིའི་སྲིད་འཛིན་མཆོག་གི་འཚམས་འདྲི་ཞུས་པ་དང་སྦྲགས་ཁོ་མོར་སྲིད་འཛིན་མཆོག་ནས་༸གོང་ས་མཆོག་དང་མཇལ་འཕྲད་ཞུས་ཏེ་སྲིད་འཛིན་ཨོ་བྷ་མའི་སྲིད་གཞུང་གི་བོད་ཀྱི་གནད་དོན་ཐོག་ལངས་ཕྱོགས་ཇི་ཡིན་སྙན་སྒྲོན་ཞུ་རྒྱུ་བཀའ་མངགས་གནང་ཡོད་པའི་སྐོར་དང་སྲིད་འཛིན་ཨོ་བྷ་མས་བོད་ཀྱིི་ཐུན་མོང་མ་ཡིན་པའི་ཆོས་དང་། སྐད་ཡིག རིག་གཞུང་། འགྲོ་བ་མིའི་ཐོབ་ཐང་། མི་མང་གི་རང་དབང་སོགས་སྲུང་སྐྱོབ་ཆེད་རྒྱབ་སྐྱོར་ཞུ་རྒྱུ་ནན་བརྗོད་ཐོག་༸གོང་ས་མཆོག་ལ་སྙན་སེང་ཞུས་ཡོད། ༸གོང་ས་མཆོག་ནས་འགྱུར་བ་མེད་པའི་ཐོག་ནས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་འོག་བོད་ལ་རང་སྲིད་རང་སྐྱོང་ཡོང་ཐབས་གནང་བ་དེར་སྲིད་འཛིན་ཨོ་བྷ་མས་བསྔགས་བརྗོད་ཆེན་པོ་གནང་གི་ཡོད་སྐོར་ཡང་སྙན་སེང་ཞུས་ཡོད།
༸གོང་ས་མཆོག་ནས་ལྕམ་སྐུ་ཇེར་རེ་ཌ་ལ་བོད་མི་བཙན་བྱོལ་བའི་གནས་སྟངས་སྐོར་སྙིང་བསྡུས་ཤིག་དང་རྒྱ་གར་གཞུང་མང་གཉིས་ཀྱི་མཐུན་འགྱུར་རོགས་རམ་འོག་རྒྱ་གར་དུ་གནས་སྡོད་བྱེད་བཞིན་པའི་བོད་མི་རྣམས་ནས་རང་གི་ཐུན་མོང་མ་ཡིན་པའི་རིག་གཞུང་།
བོད་མི་རིགས་ཀྱི་ངོ་བོ་བདག་གཅེས་དང་གོང་མཐོར་གཏོང་སླད་ལས་འཆར་དང་ཐབས་ལམ་ཇི་འདྲ་བྱེད་བཞིན་ཡོད་སྐོར་བཀའ་སྩལ་ཡོད། དེ་བཞིན་༸གོང་ས་མཆོག་ནས་རྒྱ་གཞུང་གི་འགོ་ཁྲིད་ཚོ་དང་ལྷན་བོད་རྒྱ་འབྲེལ་མོལ་གྱི་ད་ལྟའི་གནས་བབ་ཇི་འདྲ་ཡིན་སྐོར་བཀའ་སྩལ་བ་དང་སྦྲགས་ཕྱི་ལོ་ ༢༠༠༨ ཟླ་ ༡༠ དང་ ༡༡ ནང་བོད་རྒྱ་འབྲེལ་མོལ་ཐེངས་བརྒྱད་པའི་སྐབས་རང་ཕྱོགས་ནས་རྒྱ་གཞུང་ལ་བཏོན་པའི་བོད་ལ་རང་སྲིད་རང་སྐྱོང་གི་གནས་བབ་དགོས་པའི་བསམ་འཆར་སྙན་ཐོ་ཞིབ་རྒྱས་ཤིག་ཕུལ་ཡོད། ལྕམ་སྐུ་ཇེར་རེ་ཌ་མཆོག་ནས་སྲིད་འཛིན་ཨོ་བྷ་མ་འདི་ལོའི་ཕྱི་ཟླ་ ༡༡ ནང་རྒྱ་ནག་ཏུ་ཐེངས་དང་པོ་ཕེབས་ཀྱི་ཡོད་པའི་གནས་སྟངས་དེའི་འོག་བོད་དོན་དཀའ་རྙོག་སེལ་ཆེད་ཐབས་ལམ་བཟང་ཤོས་ཀྱི་ཐོག་ཨ་རིའི་གཞུང་ཕྱོགས་ནས་རོགས་སྐྱོར་ཇི་འདྲ་བྱ་ཐུབ་རྒྱུ་ཡོད་སྐོར་༸གོང་ས་མཆོག་དང་ལྷན་གྲོས་མོལ་གནང་ཡོད། ༸གོང་ས་མཆོག་ནས་ལྕམ་སྐུ་བ་ལེ་རི་ཇེར་རེ་ཌ་ལ་ཨ་རིའི་སྲིད་འཛིན་ཨོ་བྷ་མ་རྒྱ་ནག་ལ་ཕེབས་དུས་༸གོང་ས་མཆོག་གི་དགོངས་བཞེད་ལྟར་གྱི་གནད་དོན་ཇི་ཡིན་རྒྱ་གཞུང་ལ་འགྲེལ་བརྗོད་གནང་རྒྱུའི་ཐུགས་རེ་ཡོད་སྐོར་གྱི་བཀའ་སྩལ་ཡོད།
དེ་བཞིན་མགོན་པོ་གང་ཉིད་མཆོག་ནས་ཨ་རི་དང་རྒྱ་ནག་དབར་བཟང་ཕྱོགས་ཀྱི་འབྲེལ་བ་དམ་ཟབ་དགོས་གལ་ཆེན་པོ་ཡིན་པར་ཡིད་ཆེས་ཤུགས་ཆེ་ཡོད་སྐོར་ཡང་བཀའ་སྩལ་ཡོད། ༸གོང་ས་མཆོག་ནས་སྲིད་འཛིན་ཨོ་བྷ་མ་མཆོག་ནས་བོད་ནང་གི་གནས་སྟངས་ལ་སེམས་འཚབ་གནང་བ་དེར་བསྔགས་བརྗོད་ཤིན་ཏུ་ཆེན་པོ་མཛད་པ་དང་། སྲིད་འཛིན་ཨོ་བྷ་མའི་སྲིད་དབང་གི་དུས་སུ་བོད་དོན་དཀའ་རྙོག་སེལ་འགྱུར་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཐོན་ཐུབ་རྒྱུའི་ཐུགས་རེ་ཡོད་སྐོར་བཀའ་སྩལ་བ་དང་སྦྲགས་སྲིད་འཛིན་མཆོག་རྒྱ་ནག་ནས་ཕྱིར་ཕེབས་གྲུབ་མཚམས་༸གོང་ས་མཆོག་ནས་མཇལ་རྒྱུའི་ཐུགས་འདོད་ཡོད་སྐོར་ཡང་བཀའ་སྩལ་གནང་ཡོད། དེ་བཞིན་གོ་ལའི་རྩོད་རྙོག ཁོར་ཡུག་གི་གནད་དོན་ཐོག༸གོང་ས་མཆོག་ལ་ཐུགས་འཚབ་ཡོད་སྐོར་བཀའ་སྩལ་བ་མ་ཟད། སྲིད་འཛིན་ཨོ་བྷ་མས་གནད་དོན་དེ་དག་ཕན་ཚུན་འབྲེལ་ལམ་དང་གྲོས་མོལ་གྱི་ཐོག་སེལ་རྒྱུའི་འཆར་གཞི་དེར་མགོན་པོ་གང་ཉིད་ནས་བསྔགས་བརྗོད་མཛད་པ་དང་དེ་ལྟར་རྒྱུན་འཁྱོངས་ཡོང་བའི་སྐུལ་མ་ཡང་མཛད་ཡོད། ༸གོང་ས་མཆོག་ནས་ཨ་རིའི་ཕྱི་སྲིད་དྲུང་ལས་མ་རི་ཡ་ཨོ་ཏེ་རོ་ Maria Otero མཆོག་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་ཀྱི་འོས་མིར་བསྐོ་འཛུགས་བྱུང་བར་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་ཡང་མཛད་ཡོད་བའི་གནས་བསྡུས་སུ།