༢༠༠༩ ཕྱི་ཟླ་ ༩ ཚེས་ ༢༥ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༠༩ ཟླ་ ༩ ཚེས་ ༢༣ ཉིན་ཨ་རིའི་མངའ་སྡེ་ཊི་ནེ་སིར་རྟེན་གཞི་བྱས་པའི་གྲོང་ཁྱེར་མེམ་ཕི་སི་ནང་རྒྱལ་ཡོངས་མི་མང་ཐོབ་ཐང་འགྲེམས་སྟོན་ཁང་ནས་འདི་ལོའི་རྒྱལ་སྤྱིའི་རང་དབང་གཟེངས་རྟགས་དེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འབུལ་བཞེས་གནང་ཡོད།
གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོ་དབུ་འཛུགས་མ་ཞུས་སྔོན་༸གོང་ས་མཆོག་གི་མཛད་རྣམ་བརྙན་འཕྲིན་ཐོག་ནས་མཛད་སྒོར་བཅར་བ་རྣམས་ལ་སྟོན་སྐབས་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་སྐུ་ཞབས་རི་ཆ་ཌི་གེ་རིས་ནས་༸གོང་ས་མཆོག་གི་མཛད་རྣམ་ཁག་ལ་འགྲེལ་བཤད་བརྒྱབ་ཡོད་པ་རེད།
དེ་རྗེས་གཟེངས་རྟགས་ཀྱི་སྦྱིན་བདག་གནང་མཁན་སྐུ་ཞབས་ཧ་ཡེ་ཌི་མཆོག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གཟེངས་རྟགས་འབུལ་ལམ་ཞུས་པ་དང་སྦྲགས་གསུང་དོན། གཟེངས་རྟགས་འདིས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའིི་བླ་མ་མཆོག་གིས་འཛམ་གླིང་ནང་གདུག་རྩབ་དང་མནར་གཅོད་འོག་དཀའ་སྡུག་མྱོང་བཞིན་པའི་མི་དམངས་རྣམས་ཀྱི་ཐོབ་ཐང་སྲུང་སྐྱོབ་ཆེད་དུ་ཆོད་སེམས་བརྟན་པོའི་ཐོག་འབད་བརྩོན་གནང་བ་དེར་ངོས་འཛིན་ཐོབ་པ་མཚོན་བཞིན་ཡོད། བཙན་བྱོལ་དུ་མི་ལོ་ ༥༠ ཐམ་པའི་རིང་༸གོང་ས་མཆོག་ནས་སྙན་གྲགས་ཅན་གྱི་མི་རིགས་ནག་པོའི་རང་དབང་འཐབ་རྩོད་པ་མ་ཏཱན་ལུ་ཐར་ཀིང་གི་རྩ་འཛིན་གནང་བའི་རིན་ཐང་ཅན་གྱི་ཞི་བདེ་དང་། དྲང་བདེན། བཟོད་བསྲན། ཀུན་ཁྱབ་འགན་ཁུར་དེ་དག་རྩ་འཛིན་ཐོག་ཉམས་ལེན་མཛད་ཡོད། དེ་རྗེས་༸གོང་ས་མཆོག་ནས་སྐབས་དེར་ཕྱི་ནང་སྐུ་མགྲོན་ ༥༠༠ ཙམ་ཕེབས་ཡོད་པའི་ཁྲོད་དུ་བཀའ་སློབ་ཕེབས་དོན། གཟེངས་རྟགས་འདི་ངོས་ནས་འགྲོ་བ་མིའི་ཆེད་དུ་ཞབས་འདེགས་ཆུང་ངུ་ཞིག་ཞུས་པ་དེར་ངོས་འཛིན་གནང་བ་ཞིག་ཡིན་པར་ངོས་འཛིན་ཞུ་བཞིན་ཡོད། ངོས་ནས་འགྲོ་བ་མིའི་ཆེད་དུ་ཞབས་འདེགས་རྒྱ་ཆུང་ངུ་ལས་ཞུ་ཐུབ་མེད་ཀྱང་ཀུན་སློང་རྣམ་པར་དག་པ་ཡིན་པ་ལས་འབད་བརྩོན་དེ་སོ་སོ་སྒེར་དོན་དང་། དེ་བཞིན་མིང་དང་གྲགས་པའི་ཆེད་དུ་མིན། ངོས་རང་ས་གནས་འདིར་མི་སྣ་འདྲ་མིན་དང་ཐུག་འཕྲད་ཀྱི་གོ་སྐབས་ཐོབ་པ་དང་དེའི་ཐོག་ནས་ནང་གི་ཞི་བདེ་ནི་ཤིན་ཏུ་གལ་ཆེན་པོ་ཡིན་པའི་ངེས་པ་རྙེད་བྱུང་། འགོ་ཁྲིད་དང་འབྱོར་ལྡན་གྱི་མི་སྣ་མང་པོ་ཞིག་ཕྱིའི་སྣང་ཚུལ་ཙམ་ལ་སྤྲོ་སྣང་དོད་པོ་ཡོད་ཀྱང་སེམས་ནང་ཞི་བདེ་མེད་པ་དེ་འདྲ་མང་པོ་ཡོད། དེ་བཞིན་མི་མང་པོ་ཞིག་གིས་ཁ་ནས་བདེན་པ་དང་དྲང་བདེན་ཤོད་བཞིན་དོན་དངོས་ཐོག་མགོ་གཉིས་འཁྲབ་མཁན་དེ་འདྲའང་ཡོད། དེ་ལས་ལྡོག་སྟེ་དབུལ་ཞིང་ཕོངས་པ་དང་ཕམ་ཉེས་བྱུང་བའི་མི་མང་ཁྲོད་དུ་དྲང་པོ་དྲང་བཞག་ཡིན་པ་མང་པོ་ཞིག་ཀྱང་ཡོད། དེ་འདྲ་སོང་ཙང་གལ་གནད་གཙོ་བོ་དེ་ནང་གི་ཞི་བདེ་ཡིན་པ་ངོས་རང་ལ་ཡིད་ཆེས་དང་ཆོད་སེམས་བརྟན་པོ་ཡོད་ཅེས་བཀའ་སྩལ། དེ་རྗེས་ཞལ་ཤོབ་དང་སྦྲགས་བཀའ་སྩལ་དོན། ངོས་རང་ཚན་མོ་གཉིད་ཡག་པོ་འཁུག་ཐུབ་པའི་རྟགས་མཚན་འདིའི་ཐོག་ནས་ཞི་བདེ་ཕྲན་བུ་ཡོད་པའི་རེ་བ་ཡོད། མི་འགའ་ཤས་ཏཱ་ལའི་བླ་མར་མཐུ་དང་ནུས་པ་ཡོད་པ་བསམ་བཞིན་ཡོད་ཀྱང་སྔ་ལོ་ངོས་རང་མཁྲིས་རྡོ་གཤག་གཅོད་གཏོང་དགོས་བྱུང་བ་དེས་མཐུ་ནུས་དེ་འདྲ་གང་ཡང་མེད་པ་གསལ་སྟོན་བྱུང་ཡོད། ངོས་རང་ས་གནས་གང་དུ་ཕྱིན་ཡང་བྱམས་བརྩེའི་སྤྱི་ཚོགས་བཟང་པོ་ཞིག་བསྐྲུན་དགོས་པ་ཞིག་ཡིན་པ་ཤོད་ཀྱི་ཡོད།
ཆོས་ལ་ཡིད་ཆེས་ཡོད་མེད་གང་ལྟར་ཡང་ང་ཚོ་ཚང་མ་འགྲོ་བ་མི་ཞིག་ཡིན་པ་གཅིག་མཚུངས་ཡིན། ང་ཚོ་ཚང་མ་ཨ་མ་ལས་བྱུང་བ་དང་ཨ་མའི་བྱམས་སྐྱོང་ལ་བརྟེན་ནས་འཚོ་གནས་ཐུབ་པ་རེད། ང་ཚོ་ཚང་མར་ནང་གི་ཞི་བདེ་བསྐྲུན་ཐུབ་པའི་ནུས་པ་ཡོད། ངོས་རང་འགྲེམས་སྟོན་ཁང་དུ་ལྟ་སྐོར་འགྲོ་སྐབས་སྐྱོ་སྣང་དང་དགའ་སྤོབས་ཀྱི་ཚོར་བ་ཟུང་འབྲེལ་ཞིག་བྱུང་། རྒྱལ་སྤྱིའི་ནང་ཡིན་ནའང་འདྲ། དེ་བཞིན་རྒྱལ་ཁབ་སོ་སོའི་ནང་ཡིན་ནའང་འདྲ། གང་ལྟར་འབྱོར་ལྡན་དང་དབུལ་ཕོངས་དབར་གྱི་ཧེ་བག་ཆེན་པོ་ཞིག་ཡོད་པ་ནི་དངོས་ཡོད་གནས་ཚུལ་ཞིག་རེད། དཔལ་འབྱོར་ཆེ་ཤོས་ཡིན་པའི་ཨ་རིའི་རྒྱལ་ཁབ་འདིའི་ནང་དུའང་མི་ཉམ་ཐག་མང་པོ་ཡོད་ཞེས་བཀའ་སྩལ། དེ་རྗེས་མགོན་པོ་གང་ཉིད་མཆོག་ནས་བཀའ་སློབ་ཕེབས་དོན་བྱམས་བརྩེ་དང་འཚེ་མེད་ཞི་བ་ནི་གལ་ཆེན་པོ་ཡིན། མིའི་སྤྱི་ཚོགས་ཀྱི་ཐོག་མའི་བྱུང་རིམ་ནང་དབུ་ཁྲིད་དང་དཔོན་པོ་དགོས་པའི་བསམ་བློ་དེ་མེད། མི་ཚང་མ་མཉམ་ལས་བྱས་ནས་འཚོ་བཞིན་ཡོད། དེ་ནས་མི་འབོར་འཕེལ་རྒྱས་ཕྱིན་པའི་ཐོག་ནས་མི་མཐུན་པ་མང་པོ་ཞིག་ཡོང་གི་ཡོད་པའི་རྐྱེན་གྱིས་དཔོན་པོ་ཟེར་བ་ཞིག་དགོས་པའི་བསམ་བློ་དེ་བྱུང་བ་རེད། དཔོན་པོ་དེ་ཡང་གཙོ་བོ་ལུས་སྟོབས་ཆེ་ཆུང་ལ་གཞི་བཅོལ་བར་བརྟེན་སྤྱི་ཚོགས་ནང་སྐྱེས་པ་ཤན་ཤུགས་ཆེ་བ་བྱུང་བའི་གནས་སྟངས་ཤིག་ཆགས་པ་རེད། དེ་ནས་རིམ་བཞིན་ཤེས་ཡོན་གོང་མཐོར་ཕྱིན་ཐོག་ནས་འདྲ་མཉམ་བྱུང་བ་ཞིག་རེད་ཅེས་བཀའ་སྩལ། ཡང་༸གོང་ས་མཆོག་ནས་བུད་མེད་ཚོས་བྱམས་བརྩེ་ལྡན་པའི་སྤྱི་ཚོགས་བསྐྲུན་རྒྱུར་གལ་གནད་ཆེ་བའི་ཞབས་འདེགས་སྒྲུབ་ཐུབ་ཀྱི་ཡོད།
མི་དང་དུད་འགྲོའི་སྤྱི་ཚོགས་གང་ཡིན་རུང་ལྷན་སྐྱེས་སུ་གྲུབ་པའི་མོའི་ལས་འགན་ནི་རང་གི་བུ་ཕྲུག་ལ་རང་ནུས་གང་ཡོད་ཀྱི་གཅེས་སྐྱོང་བྱེད་རྒྱུ་དེ་ཡིན། གལ་ཏེ་བུད་མེད་ཀྱི་ཐོབ་ཐང་དགོས་ཞེས་ལབ་མཁན་དེར་བུད་མེད་ཐོབ་ཐང་རྩོད་ལེན་པ་ཞེས་འདོགས་ཀྱི་ཡོད་ན་ངོས་རང་ལའང་མིང་དེ་འདོགས་ན་ཆོག་ཅེས་ཞལ་ཤོབ་དང་སྦྲགས་བཀའ་སྩལ། ༸གོང་ས་མཆོག་ནས་མུ་མཐུད་བཀའ་སྩལ་དོན། བུད་མེད་ཐོབ་ཐང་རྩོད་ལེན་པ་འགའ་ཤས་ཚོར་ཤུགས་ཆེ་དྲགས་པ་དེ་རིགས་ལ་ངོས་རང་མོས་མཐུན་མེད། དེར་བརྟེན་བུད་མེད་ཚོས་སྤྱི་ཚོགས་འདི་བྱམས་བརྩེ་དང་ལྡན་པ་ཡོང་ཆེད་འགན་ཁུར་རྐང་འཛིན་ཐོག་འགོ་ཁྲིད་ཐུབ་པ་དགོས་ཞེས་བཀའ་སྩལ།
ད་རེས་གཟེངས་རྟགས་དེ་དང་ལྷན་དུ་མ་དངུལ་ཨ་སྒོར་ ༢༠,༠༠༠ ཙམ་༸གོང་ས་མཆོག་ལ་ཕུལ་ཡོད་ཀྱང་དེ་དག་མགོན་པོ་གང་ཉིད་མཆོག་གིས་འགྲེམས་སྟོན་ཁང་ལ་ཞལ་འདེབས་སུ་གསོལ་རས་སྩལ་ཡོད་པ་བཅས་ཀྱི་གནས་བསྡུས་སུ།