༢༠༠༩ ཕྱི་ཟླ་ ༩ ཚེས་ ༥ རེས་གཟའ་སྤེན་པ།
༄༅། །འདི་གར་ཁུངས་ལྡན་གྱི་གནས་ཚུལ་འབྱོར་གསལ་ལྟར་ན། དེ་རིང་ནི་བོད་ཆོལ་ཁ་གསུམ་དུ་ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༠ ནས་བཟུང་བོད་ཆོལ་ཁ་གསུམ་དུ་སེར་སྐྱ་མི་མང་ནས་གཞི་རྒྱ་ཆེ་བའི་ལས་འགུལ་བསྟུད་མར་ཐོན་ཏེ་ལོ་ཧྲིལ་པོ་གཅིག་དང་ཟླ་བ་གསུམ་ཙམ་འཁོར་ཞིང་། དེའི་རིང་བོད་མི་ཞི་རྒོལ་བ་འདས་གྲོངས་སོང་བ་དང་། བཙོན་དུ་ཚུད་པ། རྨས་སྐྱོན་ཕོག་པ། གར་སོང་ཆ་མེད་དུ་གྱུར་བ་སོགས་གནས་ཚུལ་མང་དག་ཅིག་འཕྲད་ཡོད་པ་ལྟར། ད་བར་གྱི་གནས་སྟངས་ལ་འདི་ནས་ཤེས་རྟོགས་བྱུང་བར་གཞིགས་ན། (༢༠༠༨།༣།༡༠ ནས་ ༢༠༠༩།༨།༣༡ བར་) འདས་གྲོངས། ༢༢༣ རྨས་སྐྱོན། ༡༢༩༤ འཛིན་བཟུང་དང་བཀག་ཉར། ༤༦༥༧ གར་སོང་ཆ་མེད། ༩༩༠ ཁྲིམས་གཅོད་ཟིན་པ། ༣༧༡ ཚེས་གྲངས། ༢༠༠༩།༨།༣༡
གསལ་བཤད། ད་བར་བོད་ཆོལ་གསུམ་ཁྱོན་ཡོངས་སུ་སྔ་ལོའི་ཟླ་ ༣ ཚེས་ ༡༠ ནས་བཟུང་འཛིན་བཟུང་བཀག་ཉར་དུ་ཚུད་པའི་མི་གྲངས་ཐད་ད་བར་འཛིན་བཟུང་མུ་མཐུད་བྱ་མུས་ཐོག་ཤེས་རྟོགས་བྱུང་བ་གཞིར་བཞག་ལྟར་ན་འཛིན་བཟུང་བཀག་ཉར་བྱས་པའི་མི་འབོར་གྱི་གྲངས་ཚད་དེ་མི་གྲངས་ ༥༨༥༧ ཙམ་ཆགས་ཀྱི་ཡོད་པ་ནས། དུས་བཀག་བཙོན་འཇུག་བཟོས་ཟིན་པའི་གྲངས་འབོར་ཁོངས་ནས་དུས་བཀག་ལོ་གཅིག་དང་། ལོ་གཅིག་དང་ཕྱེད་བཟོས་པ་མང་ཆེ་བ་ཉེ་བའི་ཆར་ལོོ་ཚད་གཙང་སྟེ་གློད་བཀྲོལ་བཏང་ཟིན་ཡོད་ཅིང་། དེའི་ཐད་ཉེ་ཆར་རྒྱ་ནག་གཞུང་ནས་བོད་མི་ ༡༢༠༠ གློད་བཀྲོལ་བཏང་ཡོད་པའི་གསལ་བསྒྲགས་སྤེལ་བ་ལྟར་དེའི་ཁོངས་གོང་གསལ་ལོ་ཚད་གཙང་སྟེ་གློད་བཀྲོལ་བཏང་བ་ཁག་ཚུད་པར་ངོས་འཛིན་བྱ་ཆོག་ཅིང་། གར་སོང་ཆ་མེད་དུ་གྱུར་བ་མི་སྣ་ཁག་གཅིག་ཀྱང་འདས་གྲོངས་སོང་བ་དང་། ལོ་ཚད་བཟོས་ཟིན་པ། གློད་བཀྲོལ་བཏང་བའི་ཁྲོད་ནས་ར་འཕྲོད་བྱུང་བཞིན་ཡོད། ཡིན་ནའང་ང་ཚོས་ད་བར་ཤེས་རྟོགས་བྱུང་བའི་ནང་ཁྲིམས་ཆད་བཏང་ཟིན་པའི་གྲངས་ཚད་དེས་ད་ལྟ་བོད་ཁྱོན་ཡོངས་སུ་བཙོན་དུ་ཡོད་བཞིན་པའི་མི་འབོར་གྱི་གྲངས་ཚད་དང་བསྡུར་ན་ཧ་ཅང་དམའ་པོ་ཞིག་ཆགས་ཡོད་པས་དེའི་ཐད་ང་ཚོས་མུ་མཐུད་ཞིབ་འཇུག་བྱེད་བཞིན་ཡོད།
ཁྲིམས་གཅོད་བྱས་ཟིན་པའི་བརྒྱུད་རིམ་ནང་ལུགས་མཐུན་གྱི་ཁྲིམས་ལུགས་འགྲོ་ལུགས་བརྒྱུད་མེད་པར་རང་དགར་ཉེས་པ་འདྲ་མིན་བཏགས་ཏེ་ཁྲིམས་གཅོད་བཏང་བ་ལྟར། ཁྲིམས་ཆད་མཐོ་ཤོས་སུ་ད་བར་བོད་མི་ ༥ ལ་སྲོག་ཐོག་གི་ཁྲིམས་ཐག་བཅད་ཡོད་པ་དང་། བོད་མི་ ༩ ཙམ་ལ་ཚེ་གང་བཙོན་འཇུག་བྱ་རྒྱུའི་ཁྲིམས་ཆད་བཏང་འདུག་པ་མ་ཟད། ཁྲིམས་ཐག་བཅད་ཟིན་པའི་བཙོན་པ་ཁག་གཅིག་ལ་ནང་མིའི་ཐུག་འཕྲད་ཀྱང་བཀག་འགོག་བྱས་ཏེ་མུ་མཐུད་དམ་བསྒྲགས་ཤིན་ཏུ་ཆེན་པོའི་འོག་བསྒྱུར་བཀོད་བྱ་བཅུག་གི་ཡོད་པའི་གནས་ཚུལ་ཐོན་འདུག