༢༠༠༩ ཕྱི་ཟླ་ ༩ ཚེས་ ༡༢ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༠༩ ཟླ་ ༩ ཚེས་ ༡༠ ཉིན་བོད་ཀྱི་བུད་མེད་ལྷན་ཚོགས་སླར་གསོ་བྱུང་སྟེ་ལོ་ངོ་ ༢༥ འཁོར་བའི་དུས་དྲན་སྲུང་བརྩི་བོད་གཞུང་ཟློས་གར་གྱི་ཚོགས་ཁང་དུ་ཞུས་ཡོད།
དེ་ཡང་གོང་ཚེས་སྔ་དྲོ་ཆུ་ཚོད་ ༩།༠༠ ཐོག་སྐུ་མགྲོན་གཙོ་བོ་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་དང་། དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ཀིརྟི་སྒྲོལ་དཀར་ལྷ་མོ་མཆོག དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་འགན་འཛིན་རྣམ་པ། རྡ་སའི་ཉེ་འཁོར་དུ་གནས་པའི་དགོན་སྡེ་ཁག་གི་སྐུ་ཚབ་དང་། མི་མང་རྣམ་པ་བཅས་ཚང་འཛོམས་ཐོག་དུས་དྲན་དབུ་འཛུགས་ཀྱི་ཐོག་མར་རྟེན་འབྲེལ་གསོལ་ཇ་དང་། འབྲས་བསིལ་འདེགས་འབུལ་གནང་གྲུབ་རྗེས་ཚང་མས་སྐུ་བཞེངས་ཐོག་འཕགས་བོད་གཉིེས་ཀྱི་རྒྱལ་གླུ་དང་བུད་མེད་ལངས་གླུ་བཏང་གྲུབ་མཚམས་སྐུ་མགྲོན་གཙོ་བོ་མཆོག་ནས་སྣང་གསལ་ཞལ་ཕྱེ་དང་རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་སྒྲོན་འབུལ་ཞུས་རྗེས་དམིགས་བསལ་སྐུ་མགྲོན་མཆོག་དང་བོདབུད་ཀྱི་བུད་མེད་ཚོགས་གཙོས་ཀྱང་དེ་མཚུངས་མཇལ་དར་སྒྲོན་འབུལ་ཞུས། དེ་ནས་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་གིས་དུས་དྲན་ངོ་སྤྲོད་དང་སྦྲགས་གཏམ་བཤད་གནང་གསལ། བོད་ཀྱི་བུད་མེད་ལྷན་ཚོགས་ནི་ཐོག་མར་ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༢ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་གཞུང་གིས་ཁྲིམས་མཐུན་མིན་པའི་བཙན་བཟུང་བྱས་པ་དེ་ལ་རྒྱལ་གཅེས་བུད་མེད་ཚོས་ཞི་རྒོལ་མཐའ་གཅིག་ཏུ་བྱས་ནས་དབུ་བརྙེས་པ་ཞིག་ཡིན། སྐབས་དེར་བུད་མེད་བརྒྱ་ཕྲག་མང་པོ་སྲོག་ཤོར་བ་དང་། སྟོང་ཕྲག་མང་པོ་བཙོན་འཇུག་བྱས་ཡོད། དེ་ལས་མང་བ་ཞིག་༸གོང་ས་མཆོག་གིས་ཆིབས་རྗེས་སུ་འབྲང་ནས་བཙན་བྱོལ་དུ་འབྱོར་རྗེས་གཞིས་ལུས་བུད་མེད་རྣམས་ཀྱིས་མུ་མཐུད་འཐབ་རྩོད་དེ་དག་རྒྱུན་འཁྱོངས་བྱས་པ་དང་འབྲེལ་ཁོང་རྣམ་པའི་མགྲིན་ཚབ་ཀྱང་བྱས་ནས་རྒྱལ་སྤྱིའི་རྒྱབ་སྐྱོར་འཚོལ་སྒྲུབ་ཞུས་ཡོད།ཕྱི་ལོ་༡༩༦༠ དང་། ༡༩༧༠། ༡༩༨༠ བཅས་སོ་སོར་རྡ་སར་གཙོས་པའི་རྒྱ་གར་རྒྱལ་ཡོངས་ནས། བོད་ཀྱི་བུད་མེད་རྣམས་ཀྱི་ལས་འགུལ་ཁག་རིམ་བཞིན་ཁྱབ་སྤེལ་བྱེད་འགོ་བཙུགས་ཡོད། ཕྱི་ལོ་ ༡༩༨༤ ཟླ་ ༩ ཚེས་ ༡༠ ཉིན་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་རླབས་ཆེན་སྒྲིག་འཛུགས་དེ་ཉིད་བཞུགས་སྒར་རྡ་སར་སླར་གསོ་གནང་སྟེ་སྔོན་གཤེགས་དཔའ་བོ་རྣམས་ཀྱི་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་རང་སྲོག་བློས་གཏོང་གནང་བ་དེ་དག་གིས་བོད་ཀྱི་ལོ་རྒྱུས་ནང་ནུས་ཤུགས་ལྡན་པའི་ཆབ་སྲིད་ཚོགས་པ་ཞིག་གསར་སྐྲུན་ཐུབ་ཡོད་ལ། ད་ཆ་ཨེ་ཤེ་ཡ་དང་། ཡུ་རོབ། ཨ་རི། ཨོ་སི་ཊོ་ལི་ཡ་བཅས་ནང་ས་གནས་ཡན་ལག་ཁག ༤༩ ལྷག་དང་ཚོགས་མི་ ༡༥༠༠༠ ལྷག་ཙམ་ཡོད་སྐོར་སོགས་གསུངས་གྲུབ་མཚམས་སྐུ་མགྲོན་གཙོ་བོ་མཆོག་དང་དམིགས་བསལ་སྐུ་མགྲོན་མཆོག་ནས་བྱིས་པའི་བློ་སྒོ་འབྱེད་པའི་ལྡི་མིག་དང་སྐྱོ་གདུང་གི་མིག་ཆུ་ཞེས་པའི་དཔེ་དེབ་གཉིས་དང་འོད་སྡེར་གཅིག་ཀྱང་དབུ་འབྱེད་གནང་ཡོད། དེ་ནས་དམིགས་བསལ་སྐུ་མགྲོན་མཆོག་ནས་གསུང་བཤད་གནང་གསལ། བོད་ཀྱི་བུད་མེད་ལྷན་ཚོགས་སླར་གསོ་བྱུང་སྟེ་ལོ་ངོ་ ༢༥ འཁོར་བའི་དེ་རིང་མཛད་སྒོའི་སྐབས་ལ་བོད་ཀྱི་བུད་མེད་རྣམས་ཀྱིས་རང་དབང་སླར་གསོ་ཡོང་སླད་༸གོང་ས་མཆོག་གི་རླབས་ཆེན་གྱི་དགོངས་བཞེད་དང་མཐུན་པར་ ༡༩༥༩ ལོ་ནས་དབུ་ཚུགས་པའི་བུད་མེད་དཔའ་མོ་འདས་པ་རྣམས་ལ་དྲན་གསོ་ཞུས་པའི་ཐོག སྐྱབས་བཅོལ་ནང་ལོ་མང་རིང་བུད་མེད་འགན་ཁུར་བཞེས་མཁན་དང་། ལྷག་པར་ལོ་ ༢༥ སྔོན་ལ་༸གོང་ས་མཆོག་གི་ལམ་སྟོན་འོག་ལག་ལེན་འཁྱེར་ཐུབ་མཁན་རྣམས་ལ་བོད་ཀྱི་བུད་མེད་ཀྱི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་དང་། དེ་རིང་འདི་གར་དོན་ཚན་གསུམ་གྱི་ཐོག་ནས་ཞུ་འདོད་བྱུང་། ང་ཚོ་བུད་མེད་ཚོགས་པ་དང་སྒྲིག་འཛུགས་གང་འདྲ་ཞིག་གིས་ནང་དུ་ཡོད་ཀྱང་རྒྱུན་གཏན་ནས་རང་ཉིད་ཀྱི་གནས་བབ་དང་རང་གི་རྒྱལ་ཁབ་གཞན་གྱི་དབང་སྒྱུར་འོག་ལ་ཡོད་པ་དེ་ནམ་ཡང་བརྗེད་རྒྱུ་མེད་པ་རེད། ༢ ༸གོང་ས་མཆོག་དགུང་གྲངས་བཅུ་དྲུག་ནས་བོད་མི་རིགས་དང་རྒྱལ་ཁབ།
དེ་བཞིན་བོད་བསྟན་སྲིད་ལ་བཀའ་དྲིན་ཆེན་པོ་ཡིན་པ་དང་། དེའི་དབུ་ཁྲིད་འོག་ང་ཚོས་ནུས་པ་གཅིག་སྒྲིལ་ལ་བརྟེན་དགོས་པ་དེ་ང་ཚོ་བོད་པ་མི་རེ་ངོ་རེར་འགན་ཡོད་པ་དེ་བརྗེད་ཐབས་མེད་པ་ཞིག་ཡིན། ༣ ང་ཚོ་སྐྱབས་བཅོལ་ནང་བོད་གཞུང་དང་སྒྲིག་འཛུགས་ཁག་དཔེར་ན། བོད་ཀྱི་བུད་མེད་ཚོགས་པ་ནི་བོད་གཞིས་བྱེས་གཉིས་ཀྱི་བུད་མེད་ཀྱི་ཚོགས་པ་ཡིན་སྟབས་བོད་ནང་གི་བུད་མེད་དེ་དག་གི་སྐུ་ཚབ་མཚོན་ཐུབ་པའི་ལས་ཀ་བྱེད་རྒྱུ་དེ་གལ་ཆེན་པོ་རེད། དེ་ལྟར་བྱས་པ་ཡིན་ན་ང་ཚོ་རིང་མིན་བོད་ལ་ལོག་ཐུབ་པའི་རེ་བ་ཡོད། ཅེས་སོགས་ཀྱི་གསུང་བཤད་གྲུབ་མཚམས་སྐུ་མགྲོན་གཙོ་བོ་མཆོག་ནས་གསུང་བཤད་གནང་དོན། དེ་རིང་གི་ཉིན་མོ་འདི་བོད་ཀྱི་བུད་མེད་ལྷན་ཚོགས་སླར་གསོ་བྱུང་སྟེ་ལོ་ ༢༥ འཁོར་བ་དང་བོད་མི་ས་ཡ་དྲུག་གི་གནད་དོན་གལ་ཆེ་ཤོས་རྩིས་པའི་ཉིན་ཞིག་ཡིན་པར་བརྟེན་དེ་རིང་དུས་དྲན་སྲུང་བརྩིར་ཕེབས་པ་རྣམ་པ་ལྷན་རྒྱས་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། བོད་ཀྱི་རྩ་དོན་ལ་ཚོགས་པ་དང་གཞུང་གང་འདྲ་ཞིག་ཡིན་ནའང་ལས་ཀ་འགོ་བཙུགས་ཏེ་གྲུབ་འབྲས་ཐོན་མིན་ལ་མ་ལྟོས་པར་དཀའ་ལས་བརྒྱབ་ནས་མཉམ་ཞུགས་གནང་མཁན་རྣམས་ལ་བཀའ་དྲིན་རྗེས་དྲན་བྱེད་རྒྱུ་ཞིག་དང་། བུད་མེད་ལྷན་ཚོགས་ཡིན་ནའང་རྒྱུན་ལས་མང་པོ་བརྗེས་པོ་ཐེབས་ཡོད། འོན་ཀྱང་ཚོགས་པའི་ངོ་བོ་དང་དམིགས་ཡུལ་མ་བརླག་པར་འགྲོ་རྒྱུ་དེ་གལ་ཆེན་པོ་མཐོང་གི་ཡོད། དེ་རིང་གི་བུད་མེད་ལྷན་ཚོགས་དེ་ཕྱི་ལོ་ ༡༩༥༩ ལོ་ནས་བོད་ཀྱི་བུད་མེད་དཔའ་མོ་མང་པོ་ཞིག་ནས་དཀའ་ངལ་མང་དག་ཅིག་བསྐྱོན་པ་དང་། དེ་བཞིན་རྒྱ་གར་ནང་སོ་སོའི་འཚོ་བ་དང་། ཤེས་ཡོན་མ་འདང་བའི་དཀའ་ངལ་སོགས་ཀྱི་འོག་ཐོག་མ་རྡོ་རྗེ་གླིང་དང་། ཀ་བློན་སྦུག་རཱ་ཇུ་པུ་སོགས་ཀྱི་ནང་དཀའ་ངལ་མང་པོ་བསྐྱོན་ཏེ་བུད་མེད་ཚོགས་པ་བཙུགས་ཏེ་རྒྱུན་ཉར་ཐུབ་པ་དེ་ཚོ་དཔའ་མོའི་མཛད་རྗེས་རེད། དེ་བཞིན་༸གོང་ས་མཆོག་གི་དགོངས་བཞེད་ལྟར། ཕྱི་ལོ་ ༡༩༨༤ ལོར་རྒྱ་གར་ནང་བུད་མེད་ལྷན་ཚོགས་སླར་གསོ་ཞུས་ཏེ་ཕྱི་རྒྱལ་ཁག་ལའང་བུད་མེད་ཚོར་འབྲེལ་བ་བྱས་བྱེད་སྐབས་དེ་དག་གི་རྒྱབ་སྐྱོར་ཐོབ་པ་དང་། མང་གཙོའི་ལམ་ནས་རྒྱུན་ལས་རིམ་འདེམས་ཀྱིས་ས་གནས་ཁག་ནས་དཀའ་ངལ་བརྒྱབ་པ་ལ་བརྟེན་ནས་དབུས་བུད་མེད་ཚོགས་པ་འདི་བཞིན་ཧྲ་ཏག་ཏག་བྱུང་བ་དང་།
བར་ལམ་དབུས་ས་གཉིས་ཀྱི་ཕྱག་ལས་ཀྱི་གྲུབ་འབྲས་ལ་བལྟས་པ་ཡིན་ན་འགྲིགས་འདུག་བསམ་གྱི་ཡོད་ལ་རང་ཉིད་ཚོགས་མི་རྒན་གྲས་དང་བོད་པའི་བུད་མེད་ཞིག་ཡིན་པའི་ཆ་ནས་དབུས་ས་གཉིས་ཀའི་མཛད་གཙོ་རྣམས་ལ་སྙིང་ཐག་པ་ནས་ཐུག་རྗེ་ཞུ་རྒྱུ་ཡིན། བོད་ཀྱི་རྩ་དོན་ཐད་འཛམ་གླིང་བུད་མེད་རྣམས་དང་ལག་གདང་སྦྲེལ་ནས་བསྐྱོད་ཐུབ་པ་དང་ཡང་སྒོས་ང་ཚོའི་ཆོས་དང་། རིག་གཞུང་། སྐད་ཡིག་མི་ཉམས་ཆེད་བུད་མེད་ལྷན་ཚོགས་དང་དེ་བཞིན་བོད་པ་མི་རེ་ངོ་རེ་ནས་སྤྱི་ཚོགས་ནང་ག་རེ་གནང་དགོས་ཀྱི་ཡོད་སྐོར་སོགས་གསུང་བཤད་གྲུབ་མཚམས་ལྕགས་སྒྲོག་ལས་གྲོལ་ཞིང་མི་ལོ་ ༥༠ རིང་བོད་ཀྱི་བུད་མེད་རྣམས་ནས་རང་དབང་འཐབ་རྩོད་ནང་འབུངས་བ། ཞེས་པའི་གློག་བརྙན་དང་ལྷ་མོ་མཚོ་ཞེས་པའི་གློག་བརྙན་ཁག་གཉིས་བསྟན་རྗེས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཞོན་མཆོག་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་གྲུབ་བསྟུན་གསོལ་ཇ་དང་བཞེས་ཏོག་བཤམས་གནང་། དེ་ནས་ཟློས་གར་གྱི་ཐང་སྟེང་དུ་བོད་ཀྱི་ཐུན་མོང་མ་ཡིན་པའི་སྒོར་གཞས་ཀྱང་འཁྲབ་ཡོད་པ་བཅས་ཀྱི་གནས་བསྡུས་སུ།