༢༠༠༩ ཕྱི་ཟླ་ ༩ ཚེས་ ༨ རེས་གཟའ་མིག་དམར།
༄༅། །བོད་གཞུང་ཕྱི་དྲིལ་ལས་ཁུངས་ཀྱི་ཁོར་ཡུག་དང་འཛུགས་སྐྲུན་ཚན་པའི་ཉམས་ཞིབ་པ་ཆོས་སྐྱིད་ལགས་ནས་འདི་གར་བཏང་གནས་ནང་འཁོད་དོན། དེ་ཡང་པ་ནོ་སོ་ལྷོ་ཨེ་ཤི་ཡའི་གོ་སྒྲིག་འོག་ཉིན་བརྒྱད་རིང་བརྗོད་གཞི་གནམ་གཤིས་འགྱུར་འགྲོས་དང་སྣ་མང་གསར་འགྱུར་འབྲེལ་ལམ་གྱི་ཟབ་སྦྱོང་ཞིག་ཕྱི་ལོ་ ༢༠༠༩ ཟླ་ ༨ ཚེས་ ༡༧ ནས་ ༢༤ བར་བལ་ཡུལ་རྒྱལ་ས་ཀ་ཐ་མཎ་ཊ་ལ་ཚོགས་ཡོད་པའི་ནང་ཁོང་རང་མཉམ་ཞུགས་གནང་འདུག པ་ནོ་སོ་ལྷོ་ཨེ་ཤི་ཡའི་ལས་ཁུངས་ཀ་ཐ་མཎ་ཊའི་ནང་ཡོད་པ་དེ་འཛམ་གླིང་རྒྱ་ཁྱབ་ཏུ་ཡོད་པའི་པ་ནོ་སོ་ཚོགས་པའི་ཡན་ལག་ཅིག་ཡིན་པ་དང་། ཚོགས་པ་དེས་ བརྗོད་གཞི་ཁྱབ་ཆེ་བའི་གནད་དོན་འདྲ་མིན་ཐོག་མི་མང་ལ་གཏམ་བཤད་དང་བགྲོ་གླེང་བྱ་རྒྱུའི་མཐུན་འགྱུར་རོགས་རམ་གནང་གི་ཡོད་པ་རེད། ད་ལམ་པ་ནོ་སོ་ལྷོ་ཨེ་ཤི་ཡ་ཞེས་པའི་ཚོགས་པ་དེས་གནམ་གཤིས་འགྱུར་འགྲོས་དང་སྣ་མང་གསར་འགྱུར་འབྲེལ་ལམ། ཞེས་པའི་བརྗོད་གཞིའི་ཐོག་ཟབ་སྦྱོང་ལས་གཞི་ཞིག་བལ་ཡུལ་གྱི་ས་ཆ་ལ་ལི་ཏ་པུར་ཞེས་པའི་གསར་འགྱུར་བསྟི་གནས་ཁང་དུ་གོ་སྒྲིག་གནང་ཡོད། ད་རེས་ཟབ་སྦྱོང་སྐབས་ SAARC ནང་ཡོད་པའི་རྒྱལ་ཁབ་ཕལ་ཆེར་ཚང་མའི་ཚོགས་མི་ཕེབས་ཡོད།
ཟབ་སྦྱོང་དེས་ཟབ་སྦྱོང་བ་རྣམས་ལ་གནམ་གཤིས་འགྱུར་ལྡོག་སྐོར་ཤེས་རྟོགས་དང་ཤེས་ཡོན་གོང་མཐོར་བཏང་བ་མ་ཟད་སྣ་མང་གསར་འགྱུར་འབྲེལ་ལམ་ངོ་འཕྲོད་པའི་ཐོག་གནམ་གཤིས་འགྱུར་ལྡོག་གི་གཙོས་གནད་དོན་རྣམས་འབྲེེལ་ལམ་དེའི་ཐོག་ནས་སྟངས་འཛིན་བྱེད་ཚུལ་གྱི་ཟབ་སྦྱོང་ཞིག་སྤྲད་འདུག ཉིན་དང་པོའི་ཟབ་སྦྱོང་ནང་མཉམ་ཞུགས་གནང་མཁན་རྣམས་ཕན་ཚུན་ངོ་སྤྲོད་དང་། དེ་བཞིན་ PANOS མཐུན་འགྱུར་བསྐྲུན་མཁན་ཡང་ངོ་སྤྲོད་གནང་འདུག
དེ་ཉིན་མཁྱེན་ལྡན་མ་བྷུ་ཤན་ཏུ་ལ་ཌར་མཆོག་ནས་གནམ་གཤིས་འགྱུར་ལྡོག་དང་དེས་ཤུགས་རྐྱེན་སྐོར་ཟབ་རྒྱས་གསུང་བཤད་གནང་ཡོད་པ་དང་། དེ་བཞིན་ཁོར་ཡུག་གི་གསར་འགོད་བགྲེས་པོ་སྙན་གྲགས་ཅན་ཀུན་སྡ་ཌི་ཤི་མཆོག་གི་གསུང་བཤད་གནང་བ་དེས་ཚོགས་ཞུགས་བ་ཚོར་བློ་སྤོབས་སྤེལ་བ་ཙམ་མ་ཟད། ཀ་ཐ་མཎ་ཊའི་ནང་གློག་གི་རླངས་འཁོར་གསར་སྐྲུན་བྱེད་པའི་ཐོག་འཛམ་གླིང་གོ་ལ་སྐྱོབ་ཐུབ་པ་དོན་དངོས་ལག་ལེན་གྱི་ཐོག་ནས་ཡོང་གི་ཡོད་པ་དཔེ་མཚོན་གསལ་བཤད་གནང་འདུག ཁོང་རང་ཉེ་ཆར་བོད་ནས་ཕྱིར་འཁོར་སྐབས་ཡར་འབྲོོག་གཡུ་མཚོའི་འགྲམ་དུ་འཁྱགས་རོམ་ཆུ་བསག་གི་མཚོ་མྱུར་པོའི་ཐོག་ཆེ་ཆེར་རྒྱས་བཞིན་པ་གཟིགས་པའི་འགྲེལ་བརྗོད་ཀྱང་གནང་ཡོད།
བལ་ཡུལ་གྱི་གནམ་གཤིས་འགྱུར་འགྲོས་དང་འབྲེལ་བའི་མི་སྣ་གཙོ་གྲས་ཤིག་ཡིན་པ་སྐུ་ཞབས་པུ་རོ་ཤ་ཏམ་ཡང་ཚོགས་འདུར་ཕེབས་ཏེ་ཁོང་གིས་ཉེ་ཆར་སྦོན་ནང་གནམ་གཤིས་འགྱུར་ལྡོག་སྐོར་གྱི་ཚོགས་འདུའི་གནས་བསྡུས་ངོ་སྤྲོད་གནང་ཡོད། ཚོགས་འདུའི་སྐབས་ཡར་ཐོན་རྒྱལ་ཁབ་ཁག་ནས་ཕྱི་ལོ་ ༢༠༡༢ ལོར་ཀོ་ཡོ་ཊོ་གྲོས་མཐུན་གྱི་དུས་ཡུན་རྫོགས་མཚམས་དེར་མཁའ་རླུང་རྫས་ངན་ཐོན་ཚད་བརྒྱ་ཆ་ ༤༥ ཙམ་གཅོག་རྒྱུའི་སྐོར་ལ་བགྲོ་གླེང་ལྷུག་པོ་གནང་ཡོད་པ་རེད།
ཉིན་མཐའ་མར་ཚོགས་མི་རྣམས་ཚོགས་སྡེ་དྲུག་ནང་ཆ་བགོས་ཀྱིས་དེ་དག་རེ་རེ་ནང་ IT གནས་ཚུལ་འཕྲུལ་ལས་པ་གཅིག་དང་ཉམས་ཞིབ་པ་གཅིག དེ་བཞིན་བལ་ཡུལ་ནས་ཡིན་པའི་ཡུལ་མི་རེ་རེ་ཡོད་པ་མ་ཟད། ཕལ་ཆེར་རྒྱལ་ཁབ་ཚང་མ་ནས་སྐུ་ཚབ་རེ་ཡང་ཡོད་པ་རེད།
ཚོགས་སྡེ་སོ་སོར་གནམ་གཤིས་དང་འབྲེལ་བའི་གནད་དོན་ཐོག་བརྙན་འཕྲིན་རྒྱག་རྒྱུའི་ལས་གཞི་སྤྲད་ཡོད། ད་རེས་བོད་གཞུང་ཕྱི་དྲིལ་ཁོར་ཡུག་ཚན་པའི་སྐུ་ཚབ་ཆོས་སྐྱིད་ལགས་ལ་མཚོན་ན་ཟབ་སྦྱོང་གི་བརྗོད་གཞི་དེ་འདྲ་ཞིག་ལ་འཛུལ་ཞུགས་བྱ་རྒྱུ་བྱུང་བར་སྤྲོ་སྣང་ཡོད་པ་ཞིག་དང་ཉམས་མྱོང་གསོག་རྒྱུའི་གོ་སྐབས་ཤིག་ཀྱང་ཐོབ་བྱུང་ཞེས་བརྗོད་འདུག ཆོས་སྐྱིད་ལགས་ཀྱི་ཚོགས་སྡེ་དེའི་ལས་གཞི་ནི་གད་སྙིགས་ཕུང་གསོག་སྐོར་ཡིན་པ་དང་། དེས་མཁའ་རླུང་དུག་རྫས་ཁྱབ་གདལ་གཏོང་བཞིན་ཡོད་པ་དེ་མི་མང་པོས་ཤེས་ཀྱི་མེད། ཀ་ཐ་མཎ་ཊའི་ནང་ཏེ་ཀུ་ས་གནས་ས་ཐོག་ཏུ་ཡོད་པའི་གད་སྙིགས་ཕུང་གསོག་དེའི་རྐྱེན་པས་དཀའ་ངལ་ཇི་བྱུང་གསལ་སྟོན་བྱེད་རྒྱུ་དང་དེའི་སྐོར་ཁོང་ཚོར་ཟབ་སྦྱོང་བྱེད་རྒྱུའི་གོ་སྐབས་ཐོབ་ཡོད་པ་བཅས་ཀྱི་གནས་བསྡུས་སུ།