༢༠༠༩ ཕྱི་ཟླ་ ༩ ཚེས་ ༩ རེས་གཟའ་ལྷག་པ།
༄༅། །སྙན་གྲགས་ཅན་གྱི་ཁོར་ཡུག་སྲུང་སྐྱོབ་པ་ལྕམ་སྐུ་ཝནྡནཱ་ཤིབཱ་ (Vandana Shiva) ལགས་ཀྱི་གཙོ་སྐྱོང་འོག་ཧི་མཱ་ལ་ཡའིི་རི་རྒྱུད་ཀྱི་གནམ་གཤིས་འགྱུར་བའི་སྐོར་ ལ་གོ་རྟོགས་སྤེལ་ཆེད་འདི་ཟླའི་ཚེས་ ༧ ནས་ ༡༣ བར་སྡེ་ར་ལྡུན་ནས་ལ་དྭགས་བར་འགྲུལ་བཞུད་ཕེབས་པ་དང་། ཚེས་ ༨ ཕྱི་དྲོ་རྡ་སར་འབྱོར་སྟབས། དེ་རིང་ཚེས་ ༩ སྔ་དྲོ་ཆུ་ཚོད་ ༩།༠༠ པའི་ཐོག་འགྲུལ་བཞུད་པ་རྣམས་ལ་དགའ་བསུ་དང་བསམ་ཚུལ་བརྗེ་ལེན་ཞུ་ཆེད་གངས་སྐྱིད་སྤྱི་ཐབ་ཚོགས་ཁང་དུ་ལྷན་ཚོགས་སྟབས་བདེ་ཞིག་རང་གཞུང་བཀའ་ཤག་ནས་གོ་སྒྲིག་ཞུས་ཡོད་པ་རེད། དེ་ཡང་ལྕམ་སྐུ་ཝནྡནཱ་ཤིབཱ་ལགས་ཀྱི་དབུས་ཁོང་རྣམ་པ་ཞབས་སྟེགས་སུ་འཁོད་མཚམས་བཀའ་ཁྲི་མཆོག་ནས་དེར་བསྡུས་སྐྱ་སེར་རྣམས་ལ་ཁོར་ཡུག་གཙང་ཉར་བྱེད་རྒྱུ་ནི་གལ་ཆེན་ཡིན་སྐོར་གྱི་གསུང་བཤད་གནང་། ཚོགས་འདུའི་ཚོགས་གཙོ་སྐུ་ཞབས་ P.N.Sharma ཡིན་པ་དང་། དེ་རྗེས་སྐུ་ཞབས་ Vinod Bhatt ལགས་ནས་ཧི་མ་ལ་ཡའི་གནམ་གཤིས་འགྱུར་བའི་སྐོར་བརྙན་འཕྲིན་ཐོག་ནས་སྟོན་པ་དང་ཆབས་ཅིག་འགྲེལ་བརྗོད་གནང་ཡོད། དེ་ནས་ཕྱི་དྲིལ་ཁོར་ཡུག་ཚན་པའི་འགན་འཛིན་བསྟན་འཛིན་ནོར་བུ་ལགས་ནས། བོད་ནང་གི་གནམ་གཤིས་འགྱུར་བའི་སྐོར་ལ་དེ་མཚུངས་ཀྱིས་འགྲེལ་བརྗོད་གནང་རྗེས་གངས་དཀར་ཏི་སིའི་ཁོར་ཡུག་འགན་འཛིན་ཚེ་རིང་དབྱངས་སྐྱིད་ལགས་ནས། འཛམ་གླིང་ཚ་དྲོད་འཕེལ་སྐོར་དང་། དེ་བཞིན་ཁོང་རྣམ་པའི་ཚོགས་པས་ཁོར་ཡུག་སྐོར་ལ་རྒྱ་གར་ནང་ཡོད་བོད་པའི་སློབ་གྲྭ་སོགས་ལ་ཟབ་སྦྱོང་སྤྲད་ཡོད་པ་སོགས་ཀྱི་སྐོར་གོང་མཚུངས་བཞིན་འགྲེལ་བརྗོད་གནང་།
དེ་ནས་ལྕམ་སྐུ་ཝནྡནཱ་ཤིབཱ་ལགས་ནས་གསུང་བཤད་གནང་གསལ། ད་རེས་ང་ཚོས་འགྲུལ་བཞུད་བྱེད་རྒྱུ་འདི་ནི་མི་མང་དང་གོ་ལའི་བདེ་དོན་ཆེད་དུ་ཡིན། ལྷག་པར་ང་རང་སྒེར་ལ་ཆ་བཞག་ན་གནས་སྐོར་ལྟ་བུ་རྩི་བཞིན་ཡོད། གནམ་གཤིས་འགྱུར་ལྡོག་དང་ས་གོ་ལའི་ཚ་དྲོད་ཆེ་རུ་འགྲོ་བཞིན་ཡོད་པའི་རྒྱུ་རྐྱེན་གཙོ་བོ་དེ་མིས་བཟོས་པའི་མཁའ་རླུང་འབག་བཙོག་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་ར་འཕྲོད་གསལ་པོ་ཐུབ་ཡོད། མཁའ་རླུང་འབག་བཙོག་དེ་ང་ཚོའི་མིག་ལམ་དུ་མངོན་གསལ་མེད་སྟབས་དོ་སྣང་དེ་ཙམ་ཡོང་གི་མེད། རྡོ་སྣུམ་བུད་རྫས་དང་མེ་འཁོར་སྣུམ་རྫས། དེ་བཞིན་བཟོ་གྲྭའི་བུད་རྫས་དེ་དག་ནས་ཐོན་པའི་འབག་བཙོག་རྣམས་མཐོང་ཐུབ་ཀྱི་ཡོད། མཁའ་རླུང་འབག་བཙོག་གང་དུ་བྱུང་སའི་ས་གནས་ས་ཐོག་ཏུ་ཡོད་པའི་སྣོད་བཅུད་དང་མི་རྣམས་ལ་གནོད་སྐྱོན་ཡོང་བཞིན་ཡོད། མཁའ་རླུང་འབག་བཙོག་དེ་མཁའ་དབྱིངས་སུ་ཁྱབ་གདལ་གྱི་ཚད་གཞི་དེ་ཧ་ཅང་མཐོ་པོ་སླེབས་པའི་སྐབས་ལ་གོ་ལའི་གནམ་གཤིས་ཆགས་བབས་ཐོག་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད། ཕྱི་ལོ་ ༡༩༨༨ ལོར་ཚན་རིག་པ་མང་པོ་ཞིག་གིས་ཚོད་ལྟ་བྱས་ནས་གོ་ལའི་གནམ་གཤིས་དེ་སྤྱི་ཡོངས་ཆ་ནས་ཚ་དྲོད་ཆེ་རུ་འགྲོ་བཞིན་ཡོད་པ་ཤེས་སྐོར་སོགས་ཀྱི་གསུང་བཤད་གནང་ཡོད། དེ་ནས་བཀའ་ཁྲི་མཆོག་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་ཡོད། ད་རེས་ཀྱི་ཚོགས་འདུ་དེར་གཞུང་འབྲེལ་མ་ཡིན་པའི་སྤྱི་ཚོགས་ཞབས་ཞུའི་ཚོགས་ཁོངས། དུད་འགྲོ་རང་དབང་ཚོགས་པ། འཚེ་མེད་ཞི་བའི་ལྟ་གྲུབ་སྦྱོང་བརྡར་བསྟི་གནས་ཁང་། རྩོད་རྙོག་འདུམ་འགྲིག་ཚོགས་པ་སོགས་དང་། དེ་བཞིན་ཧི་མཱ་ལ་ཡའི་ཁྱིམ་ཚང་། ཧིན་བོད་མཛའ་འབྲེལ་ཚོགས་པ། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ། རྡ་སའི་ཉེ་འཁོར་དུ་གནས་པའི་དགོན་སྡེ་སོགས་ཀྱི་ཚོགས་མི་ཡང་མཉམ་ཞུགས་གནང་ཡོད་པ་བཅས་ཀྱི་གནས་བསྡུས་སུ།