༢༠༠༩ ཕྱི་ཟླ་ ༩ ཚེས་ ༤ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༠༩ ཟླ་ ༩ ཚེས་ ༢ ཉིན་གངས་ལྗོངས་བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་ལྷ་མིའི་རྣམ་འདྲེན་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནས་བོད་གཞུང་མང་ཡོངས་ལ་མང་གཙོའི་ལམ་སྲོལ་བཟང་པོ་གསོལ་སྩལ་བཀའ་དྲིན་ཆེ་བ་གནང་སྟེ་མི་ལོ་ཧྲིལ་པོ་ ༤༩ འཁོར་བའི་གཞུང་འབྲེལ་དུས་དྲན་གྱི་མཛད་སྒོ་སྔ་དྲོའི་ཆུ་ཚོད་ ༩ ཐོག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་རྭ་ཆེན་མོར་གནང་ཡོད། མཛད་སྒོའི་ཐོག་བཙན་བྱོལ་བོད་མིའི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། སྲི་ཞུའི་ལས་བྱེད་ཆེ་ཕྲ། ཕ་རན་སིའི་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ཇིན་ཕ་རནཀོསི་ཧམར་མཆོག་དང་དེ་མིན་འཐུས་མི་གཉིས། ས་གནས་གྲོས་ཚོགས་དང་འགོ་འཛིན། རྡ་སའི་ཉེ་འཁོར་གྱི་སློབ་གྲྭ་ཁག་དང་། དགོན་སྡེ་ཁག བཞུགས་སྒར་ཁུལ་གནས་མི་མང་སོགས་མི་གྲངས་སྟོང་ཕྲག་བརྒལ་བས་དུས་དྲན་མཛད་སྒོའི་སྲུང་བརྩི་ཞུས་ཡོད་པ་རེད། དེ་ཡང་ཐོག་མར་བདེ་སྲུང་དྲུང་ཆེ་འཇམ་དཔལ་ཆོས་བཟང་ལགས་ནས་མཛད་སྒོ་དབུ་ཚུགས་པའི་ཁྱབ་བསྒྲགས་གནང་སྟེ་བོད་གཞུང་ཟློས་གར་ཚོགས་པས་རྔ་རོལ་དང་བཅས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་འབུལ་སྐབས་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་མཁའ་དབྱིངས་སུ་སྒྲེང་འཛུགས་གནང་། དེ་རྗེས་བོད་གཞུང་ཟློས་གར་ཚོགས་པས་མང་གཙོ་གསར་བཞད་སྐད་གསང་མཐོན་པོས་བཏང་གྲུབ་མཚམས་བོད་གཞུང་ཤེས་རིག་ལས་ཁུངས་ནས་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་རྒྱུགས་སྤྲོད་ཆེན་པོའི་སློབ་ཚན་སྡེ་ཁག་སོ་སོ་ནང་ཤེས་ཡོན་རྩེ་ཕུད་སློབ་ཕྲུག་གསུམ་ལ་དགའ་ལྡན་ཕོ་བྲང་གི་གཟེངས་རྟགས་གནང་སྲོལ་ཡོད་པ་ལྟར་འདི་ལོའི་གཟེངས་རྟགས་ཐོབ་པ་ནི།
༡༽ཚན་རིག་སྡེ་ཚན་ཁོངས་ནས་ཨང་རིམ་དང་པོ་ཐོབ་མཁན་རྡ་སྟེང་བོད་ཁྱིམ་གྱི་སློབ་མ། རྡོ་རྗེ་རྒྱལ་མཚན་ལགས། བརྒྱ་ཆ་ ༨༨ ད་ལྟ་ཇ་པལ་པུར་ཨི་ཇི་ནེ་རིང་མཐོ་སློབ་ཁང་དུ་ (Jabalpur Engineering College, Bhopal) སློབ་སྦྱོང་གནང་མུས་དང་།
༢༽སྒྱུ་རྩལ་སྡེ་ཚན་ཁོངས་ནས་ཨང་རིམ་དང་པོ་ཐོབ་མཁན་ཀ་སྦག་གཏན་སློབ་ཀྱི་སློབ་མ། སངས་རྒྱས་ཆོས་སྒྲོན་ལགས། བརྒྱ་ཆ་ ༨༧་༢ ད་ལྟ་ལྡི་ལི་མི་རན་ཌ་མཐོ་སློབ་ཁང་དུ (Miranda House, University of Delhi) སློབ་སྦྱོང་གནང་མུས་དང་།
༣༽ཚོང་རིག་སྡེ་ཚན་ཁོངས་ནས་ཨང་རིམ་དང་པོ་ཐོབ་མཁན སྦེལ་ཀོབ་བོད་ཁྱིམ་གྱི་སློབ་མ། སྐལ་བཟང་བདེ་སྐྱིད་ལགས། བརྒྱ་ཆ་ ༩༢་་༨ ད་ལྟ་ཅི་ནེ་ཨེཐི་རཇ་བུད་མེད་མཐོ་སློབ་ཁང་དུ་ (Ethiraj College for Woman,Chennai) སློབ་སྦྱོང་གནང་བཞིན་པ་ཡོད་པ་རེད། ཁོང་རྣམས་ཡིག་རྒྱུགས་ཡང་རྩེར་སོན་པའི་གཟེངས་རྟགས་ཕྱག་འཁྱེར་དང་། བྱ་དགའི་དངོས་པོ་ཤེས་ཡོན་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་ནས་ངོ་སྤྲོད་དང་འབྲེལ་བཀའ་ཁྲི་མཆོག་ནས་ཁག་སོ་སོར་གནང་། དེ་ནས་ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་ནས་དཔར་བསྐྲུན་ཞུས་པ། ཐེ་ཝན་ཧུའུ་དབྱིན་ཚན་རྩལ་སློབ་གྲྭ་ཆེན་མོའི་སློབ་དཔོན་པུའུ་ཧོང་གིས་བཙན་བྱོལ་བོད་པའི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་གནས་སྟངས་སྐོར་ཞིབ་འཇུག་བྱས་གནས་རྒྱ་ཡིག་ནས་བོད་བསྒྱུར་བྱས་པ་བཙན་བྱོལ་ནང་གི་མང་གཙོ། ཞེས་པའི་དཔེ་དེབ་དཔལ་ལྡན་བཀའ་བློན་ཁྲི་པ་མཆོག་ནས་དབུ་འབྱེད་གནང་། དེ་ནས་བཀའ་བློན་ཁྲི་པ་མཆོག་དང་། སྤྱི་འཐུས་ཚོགས་གཙོ་རྣམས་གཉིས་ནས་བཀའ་སྤྱིའི་ཡོངས་ཁྱབ་གསུང་བཤད་གནང་གྲུབ་བསྟུན། ཕ་རན་སིའི་གྲོས་ཚོགས་གོང་མའི་བོད་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ཇིན་ཕ་རན་ཀོསི་ཧམ་བར་ལགས་ནས་གཏམ་བཤད་གནང་དོན། དཔལ་ལྡན་ཚོགས་གཙོ་མཆོག་དང་། བཀའ་བློན་ཁྲི་པ་མཆོག བོད་མི་མང་སྤྱི་འཐུས་རྣམ་པ་བཅས་ལ་དེ་རིང་བོད་ཀྱི་མང་གཙོའི་དུས་དྲན་གྱི་མཛད་སྒོ་འདི་གར་བཅར་ཐུབ་པ་ངོས་རྣམས་ཚང་མས་དགའ་ཚོར་དང་བརྩི་མཐོང་ཆེན་པོ་ཞུ་གི་ཡོད། དེ་རིང་གི་ཉིན་མོ་འདི་ནི་ ༡༩༦༠ ཕྱི་ཟླ་ ༩ ཚེས་ ༢ ཉིན་བོད་ཀྱི་ཆབ་སྲིད་ལམ་ལུགས་མང་གཙོ་ཅན་དུ་བསྒྱུར་ནས་མང་གཙོ་དབུ་བརྙེས་ཏེ་ལོ་ངོ་ ༤༩ འཁོར་བའི་དུས་དྲན་ཞིག་ཡིན། གོ་སྐབས་འདིར་ཕ་རན་སིའི་གྲོས་ཚོགས་ཀྱི་ཚབ་ཞུས་ཏེ་སྐབས་ ༡༤ བོད་མི་མང་སྤྱི་འཐུས་ལྷན་ཁང་གི་སྤྱི་འཐུས་རྣམ་པར་འཚམས་འདྲི་ཞུ་གི་ཡོད། འོན་ཀྱང་བསྔགས་བརྗོད་འོས་པའི་བོད་མི་བཙན་བྱོལ་གྱི་མང་གཙོའི་སྒྲིག་འཛུགས་སྐོར་འཛམ་གླིང་ནང་ད་དུང་ཡང་དེ་ཙམ་ཤེས་ཚོར་མེད་པ་འདི་ནི་བློ་འགྱོད་ཀྱི་གནས་ཚུལ་ཞིག་རེད། བོད་གཞུང་འདི་ཉིད་མང་གཙོའི་ངོ་བོར་བསྒྱུར་བཀོད་གནང་རྒྱུ་ནི་༸གོང་ས་ཆེན་པོའི་སྔར་ནས་ཡོད་བཞིན་པའི་དགོངས་གཞི་རླབས་ཆེན་དང་བརྟན་པོ་ཡོད་པ་ཞིག་རེད། དཔེར་ན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གསེར་ཁྲི་མངའ་གསོལ་རྗེས་ ༡༩༤༩ ལོར་ལེགས་བཅོས་ལས་ཁུངས་དངོས་སུ་འཛུགས་གནང་བ་དེར་ལྟར་ཡང་རྒྱ་ནག་ནས་བོད་བཙན་འཛུལ་བྱས་རྗེས་དགོངས་གཞི་ལྟར་ལམ་ལྷོང་བྱུང་ཐུབ་མེད། མཐར་རྒྱལ་ས་ལྷ་སར་ ༡༩༥༩ ཕྱི་ཟླ་ ༣ ཚེས་ ༡༠ ཉིན་བོད་མི་མང་སྒེར་ལངས་བྱུང་རྗེས་༸གོང་ས་མཆོག་དང་བོད་མི་སྟོང་ཕྲག་མང་པོ་བཙན་བྱོལ་དུ་ཕེབས་མ་ཐག་ ༡༩༦༠ ལོར་རང་དབང་ལྡན་པའི་མང་གཙོའི་ལེགས་བྱང་དང་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་ལ་གཞི་བཅོལ་གྱི་བཅའ་ཁྲིམས་ཆེན་པོ་གཏན་འབེབས་གནང་ཡོད། ཕྱིའི་མཐུན་རྐྱེན་དམན་པའི་དབང་གིས་དཀའ་ངལ་ཇི་ཙམ་འཕྲད་ཀྱང་མང་གཙོ་རྟེན་གཞི་འཛུགས་གནང་རྒྱུ་དེ་བཙན་བྱོལ་བོད་མི་ཡོངས་ནས་ལས་དོན་གལ་གནད་ཆེན་པོ་ཞིག་ངོས་འཛིན་གནང་ཡོད་ལ། ད་བར་མང་གཙོའི་སྒྲིག་འཛུགས་གོང་མཐོར་འགྲོ་བཞིན་རེད་འདུག ༡༩༩༡ ནས་བཟུང་བོད་གཞུང་འདི་ཉིད་ཀྱི་མཛད་གཙོ་རྣམ་པ་སྤྱི་འཐུས་ལྷན་ཁང་ནས་མང་མོས་འོས་འདེམས་གནང་བ་ལས་༸གོང་ས་མཆོག་ནས་ཐད་ཀར་ཐེ་བྱུས་གནང་གི་མེད། ལྷག་པར་ ༢༠༠༡ ནས་བཟུང་མི་མང་ནས་ཐད་ཀར་འོས་འདེམས་བྱས་པའི་བཀའ་བློན་ཁྲི་པའི་འོས་འདེམས་ཀྱི་གཞུང་འཛིན་དང་། ༡༩༩༢ ལོར་ཆེས་མཐོའི་ཁྲིམས་ཞིབ་ཁང་ཡང་དངོས་སུ་འཛུགས་ཐུབ་པ་བྱུང་ནས་མདོར་ན་ད་ཆ་ཁྲིམས་བཟོ་དང་འཛིན་སྐྱོང་། ཁྲིམས་ཞིབ་བཅས་མང་གཙོ་ཀ་བ་གསུམ་ཚད་ལྡན་ཞིག་ཏུ་གྱུར་ཡོད། ལོ་ངོ་ ༥༠ རིང་བཙན་བྱོལ་གཞུང་ནས་བོད་གཞིས་བྱེས་མི་མང་གི་བདེ་སྡུག་ལ་གཟིགས་སྐྱོང་ལྷོད་མེད་དང་སྤྱི་ཚོགས་འདི་ཉིད་སྲ་བརྟན་ཕྲ་ཚུགས་ཐུབ་པ་བྱུང་ཡོད། ཕྲན་ལྟ་བུ་ཕ་རན་སིའི་ཡུལ་གྱི་ས་གནས་བྱེ་བྲག་སོ་སོ་ནས་འདེམས་ཐོན་བྱུང་བ་ཞིག་ཡིན་པའི་ཆ་ནས་ཀྱང་བཙན་བྱོལ་སྒྲིག་འཛུགས་ནང་ཆོལ་ཁ་དང་ཆོས་བརྒྱུད་ཀྱི་སྤྱི་འཐུས་དང་། ས་གནས་རིམ་པའི་མི་མང་འཐུས་མི་བཅས་བསྔགས་བརྗོད་འོས་པའི་ལམ་སྲོལ་ཡོད་འདུག ས་གནས་རིམ་པའི་མང་གཙོ་ནི་རྒྱལ་ཁབ་རིམ་པའི་མང་གཙོའི་སྒྲིག་འཛུགས་ཀྱི་རྟེན་གཞི་ཡོད། མདོར་ན་ ༡༩༥༩ ནས་ད་བར་ངོ་མཚར་ཅན་གྱི་འཕེལ་རིམ་བྱུང་འདུག ཁྱེད་རྣམས་ཚང་མས་མཁྱེན་རྟོགས་ཡོད་པ་བཞིན། ཕ་རན་སིར་ ༡༧༨༩ གསར་བརྗེ་བྱུང་བ་ནས་བཟུང་དཀའ་ངལ་རབ་དང་རིམ་པ་བརྒྱབ་ནས་ཆབ་སྲིད་ཚོགས་པ་མི་འདྲ་བ་སྣ་ཚོགས་ཞིག་ནས་གཞུང་འཛིན་བསྐྱངས་ཡོད་ཅིང་།
མཐར་ད་ལྟ་འགྲོ་བཞིན་པའི་སྲིད་གཞུང་སྐབས་ལྔ་པར་གཞི་ནས་མང་གཙོ་བརྟན་པོ་ཞིག་ཏུ་གྱུར་ཐུབ་པ་དེ་འདྲ་བྱུང་ཡོད། འོན་ཀྱང་ང་རང་ངོས་ནས་ཕ་རན་སིའི་སྲིད་གཞུང་གི་སྒྲིག་འཛུགས་ནི་དཔེ་སྟོན་འོས་པ་ལྟ་བུ་མཐོང་གི་མེད། གང་ལགས་ཞེས་ན་མང་གཙོ་ནི་རྒྱུན་གནས་ཡར་རྒྱས་གཏོང་ས་ཡོད་པའི་ལམ་ལུགས་ཞིག་ཡིན་པ་རེད། བསྒྲུབ་བྱའི་དམིགས་ཡུལ་མང་གཙོ་ནི་རང་སྐལ་ཐོབ་པ་ལྟ་བུ་རྩིས་ནས་བག་མེད་དུ་བཞག་ན་གཏན་ནས་མི་འགྲིགས། དཔེར་ན། ཕ་རན་སིར་འོས་བསྡུ་ལམ་སྲོལ་དབུ་བརྙེས་ནས་ཀྱང་ལོ་ངོ་ ༡༥༠ རྗེས་སུ་མ་གཏོགས་བུད་མེད་ལ་འདྲ་མཉམ་འོས་བསྡུ་བྱུང་མེད། དེ་ཡང་ཕ་རན་སིར་ཐོག་མར་ ༡༩༩༤ ལོ་བུད་མེད་ལ་འོས་བསྡུ་ཐོབ་ཐང་བྱུང་བས་དེ་ལ་གཞིགས་ན་ཁྱེད་བོད་མིའི་དབུ་ཁྲིད་རྣམ་པར་དམིགས་བསལ་བསྔགས་བརྗོད་ཞུ་དགོས་པ་ཆགས་ཀྱི་འདུག གང་ལ་ཞེས་ན་བཙན་བྱོལ་མང་གཙོའི་ལམ་སྲོལ་དབུ་བརྙེས་མ་ཐག་བོད་ཀྱི་བུད་མེད་རྣམས་འདྲ་མཉམ་ཐོག་འོས་ཞུགས་ཐུབ་པ་བྱུང་ཡོད། རྒྱུ་མཚན་འདི་ལ་སོགས་པ་མང་པོ་ཞིག་ལ་བརྟེན་ནས་ང་རང་ངོས་ནས་ཁྱེད་རྣམ་པ་ཚོར་དམིགས་བསལ་སློབ་སྟོན་འབུལ་ཡག་ལྷག་མི་འདུག་ཞུ་རྒྱུ་ཡིན། འདི་དང་འབྲེལ་ནས་ད་དུང་ཞུས་ན། འགྲོ་བ་མིའི་ཐོབ་ཐང་ཞེས་པ་འདི་ས་སྟེང་ཡོངས་ལ་ངོ་བོ་གཅིག་གྱུར་ཅན་དུ་ཁྱབ་སྤེལ་དགོས་རྒྱུའི་ལྟ་གྲུབ་འདི་ཕ་རན་སིའི་ཐུན་མོང་མ་ཡིན་པའི་བྱས་རྗེས་ལྟ་བུ་ཞིག་ཆགས་ཡོད། ༡༧༨༩ ལོར་ཕ་རན་སིའི་གྲོས་ཚོགས་ནས་གསལ་བསྒྲགས་བྱས་པའི་འགྲོ་བ་མིའི་ཐོབ་ཐང་གི་དོན་ཚན་འབྲུ་དོན་གཞིར་བཟུང་ ༡༩༤༨ ལོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནས་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་གཏན་འབེབས་བྱས་པ་རེད། རྒྱུ་མཚན་དེས་ཕ་རན་སིའི་མང་གཙོའི་ལམ་སྲོལ་གསར་གཏོད་བྱས་པ་ལོ་རྒྱུས་ཆ་ནས་མང་གཙོའི་ལེགས་བྱང་ཁག་གི་འབྱུང་ཁུངས་ལྟ་བུར་གྱུར་ཡོད། ཞུ་དོན་གཙོ་བོ་འགྲོ་བ་མིའི་ཐོབ་ཐང་ཞེས་པ་འདི་འཛམ་གླིང་ས་སྟེང་ཡོངས་ལ་ངོ་བོ་གཅིག་གྱུར་ཡོང་ཐུབ་པ་ཞིག་ཏུ་ང་ཚོས་ངོས་འཛིན་བྱེད་ཀྱི་ཡོད། དེ་ལས་ལྡོག་སྟེ་རྒྱ་ནག་དམར་གཞུང་ལ་སོགས་པའི་སྒེར་དབང་རིང་ལུགས་ཁ་ཤས་ནས་དེ་ལ་རྩིས་མེད་ཀྱིས་དེ་ནུབ་ཕྱོགས་པའི་ལེགས་བྱང་ཁོ་ནར་ངོས་འཛིན་བྱས་པ་རེད། རྒྱ་ནག་དབང་འཛིན་པ་ཚོར་ཨེ་ཤེ་ཡའི་ཁྱད་ཆོས་ལྡན་པའི་ལེགས་བྱང་སྤེལ་རྒྱུ་ཡིན་ཞེས། ཁ་བཤད་རྐྱང་པ་ལས་ད་བར་དེའི་ངོ་བོ་དང་རྣམ་པ་སོགས་གང་ཡིན་འགྲེལ་བརྗོད་གསལ་པོ་བྱས་མེད། འདི་ལྟ་བུའི་སྐད་ཆ་སྙན་པོ་བཤད་དེ་ཟུར་གནས་སུ་ཅིག་ཀྱང་མགོ་སྐོར་ཐུབ་ཐབས་མེད། གང་ལགས་ཞེས་ན་སྒེར་འཛིན་རིང་ལུགས་པས་རང་དབང་དང་མང་གཙོ་ལ་རྩིས་མེད་ཀྱིས་དེ་རྩ་མེད་བཟོ་ཐབས་བྱེད་ཀྱི་ཡོད། མང་གཙོ་ནི་དེང་འགྲོ་བ་མི་ཡོངས་ཀྱི་བློ་ཕྱོགས་ས་དང་རྒྱ་བོད་ཙམ་མ་ཟད། མི་རིགས་ཡོངས་ཀྱི་ཐོབ་ཐང་ཞིག་ཀྱང་ཆགས་ཡོད་པ་རེད། ཡང་མང་གཙོ་ལ་རྣམ་པ་མི་འདྲ་གཞན་ཡོད་སྲིད། དཔེར་ན། བཙན་བྱོལ་གྲོས་ཚོགས་ནང་ཆོས་བརྒྱུད་ཀྱི་འཐུས་མི་ཡོད། ཕ་རན་སི་ལྟ་བུ་ཆོས་སྲིད་ཐ་དད་ཅན་གྱི་མང་ཚོགས་ལ་དེ་ཁྱད་མཚར་པོ་ཞིག་ཏུ་མཐོང་སྲིད། འོན་ཀྱང་བཙན་བྱོལ་གྱི་སྤྱི་ལྷན་འདི་ཉིན་དམ་པའི་ཆོས་ཀྱི་གོམས་སྲོལ་ཤུགས་ཆེ་ཡོད་པའི་བོད་མིའི་སྤྱི་ཚོགས་ཀྱི་རྣམ་པ་ཡོངས་མཚོན་ཐུབ་ཀྱི་ཡོད། ནང་པ་སངས་རྒྱས་པ་ལྟར་ན་འགྲོ་བ་སྤྱི་དང་ཁྱད་པར་དུ་ཕོ་མོ་གཉིས་འདྲ་མཉམ་དུ་ངོས་འཛིན་བྱེད་པའི་ལྟ་གྲུབ་ཅིག་ཡིན་སྟབས། དེས་བོད་མིའི་མང་གཙོའི་སྒྲིག་འཛུགས་ལའང་བཟང་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་ངེས་ཡིན་པ་ཡིད་ཆེས་ཡོད། དེ་མཚུངས་ཡེ་ཤུའི་བསླབ་བྱ་ལ་བརྟེན་ནས་ནུབ་ཕྱོགས་རྒྱལ་ཁབ་མང་པོར་མང་གཙོ་འཕེལ་རྒྱས་བྱུང་ཡོད། ཐུན་མོང་མ་ཡིན་པའི་རྣམ་པ་དེ་དག་མ་ཡལ་བའི་ཁར། ༸གོང་ས་ཆེན་པོའི་དགོངས་གཞི་ལྟར་ཆོས་ལུགས་ལ་མ་བརྟེན་པའི་སྲིད་གཞུང་གི་ངོ་བོ་ཡང་དག་པར་བསྒྱུར་ཐབས་གནང་བཞིན་པར་རེད་འདུག ལོ་མང་སྔོན་ནས་༸གོང་ས་མཆོག་ནས་ཁོང་ཕྱེད་རྒས་ཡོལ་དུ་ཕེབས་ཡོད་པར་གསུངས་ཤིང་གཞུང་ནི་གྲོས་ཚོགས་ཀྱི་སྟངས་འཛིན་འོག་འགྲོ་དགོས་པ་ཞིག་དང་ལྷག་པར་ནམ་ཞིག་བོད་ཀྱི་གནས་བབས་ལ་འགྱུར་ལྡོག་བྱུང་ཚེ་༸གོང་ས་ཆེན་པོ་མཆོག་ནི་ཆོས་ཕྱོགས་མ་གཏོགས་ཆབ་སྲིད་ཀྱི་འགན་བཞེས་གནང་རྒྱུ་མིན་པ་ཡོངས་བསྒྲགས་གསལ་བསྒྲགས་གནང་ཡོད། དེ་རྒྱ་ནག་དབང་འཛིན་པ་ཚོར་ཆོས་ལུགས་བཀས་བཀོད་རྒྱུད་འཛིན་སླར་གསོ་བྱེད་རྒྱུའི་རེ་བ་བཅངས་ཀྱི་ཡོད་པ་གཞི་མེད་སྐྱོན་འཛུགས་དེ་ལྟར་ཡང་། དེ་ལས་ལན་ཡག་ཤོས་ནི་ཁྱེད་རྣམ་པའི་མང་གཙོ་འདི་རེད། ༢༠༠༨ ལོར་བོད་མི་རིགས་ལ་མིང་དོན་མཚུངས་པའི་ས་གནས་རང་སྐྱོང་ཡོངས་ཐབས་ཀྱི་ཡིག་ཆ་དེ་ཡང་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཀྱི་སྒྲོམ་གཞི་དང་ཡོངས་སུ་མཐུན་པ་ཞིག་ཡིན། རྒྱ་ནག་གཞུང་ནས་དེ་ལ་བདག་སྤྲོད་མ་བྱས་པ་དེ་དམར་གཞུང་གི་རང་མདོག་གང་ཡིན་ཁ་གསལ་ཐོན་པ་ཡིན། རྒྱ་ནག་གི་སྲིད་གཞུང་ནི་ཚིག་ཙམ་གྱི་མང་གཙོ་ལས་ལག་ལེན་ལ་དེ་ལྟར་གང་ཡང་མེད། བོད་མི་བཙན་བྱོལ་ནང་བཞིན་རྒྱ་ནག་འདི་བཞིན་མང་གཙོ་ཚད་ལྡན་ཞིག་ཏུ་འགྱུར་ཚེ་བོད་ཀྱི་གནད་དོན་ཐོག་འགྱུར་ལྡོག་འགྲོ་ཐུབ་རྒྱུ་ཡིན་པ་ཕྲན་ལ་ཡིད་ཆེས་ཡོད། གོ་སྐབས་འདི་བཟུང་ནས་མཛའ་ཞིང་བརྩེ་བའི་བོད་མི་ཚང་མའི་ཚབ་ཞུས་ཏེ་རྒྱ་གར་གཞུང་དང་མི་མང་ལ་དེ་སྔོན་ལོ་ ༥༠ རིང་བོད་མི་ལ་རྒྱབ་གཉེར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། མི་འབོར་དུང་ཕྱུར་བཅུ་ལྷག་ཡོད་པའི་རྒྱ་གར་རྒྱལ་ཁབ་འདི་འཛམ་གླིང་ནང་གི་མང་གཙོའི་རྒྱལ་ཁབ་ཆེ་ཤོས་ཤིག་ཡིན། གོང་དུ་ཞུས་པ་བཞིན་བོད་ཀྱི་དཀའ་རྙོག་སེལ་བའི་ཐབས་ལམ་གཙོ་བོ་ནི་རྒྱ་ནག་མང་གཙོར་འགྱུར་ཐུབ་མ་ཐུབ་ལའང་རག་ལུས་པ་རེད་བསམ་གྱི་འདུག
རྒྱ་ནག་ནང་དཔལ་འབྱོར་ཡར་རྒྱས་འགྲོ་བ་ཙམ་གྱི་བོད་ཀྱི་དཀའ་རྙོག་སེལ་ཐུབ་ཀྱི་མེད་པ་ནི་མཐོང་ཆོས་སུ་ཡོད་པ་འདི་རེད། འོན་ཀྱང་གནས་ཚུལ་འགྱུར་ལ་གང་མྱུར་འགྲོ་སྲིད་པས་ང་ཚོ་ཚང་མས་རེ་བ་མ་བརླག་པ་གནང་རོགས་ཞུ་གི་ཡིན། མཐར་མང་གཙོའི་གཞི་རྟེན་སྲ་བརྟན་ཡོང་ཐབས་ལ་འབད་བརྩོན་མུ་མཐུད་ངེས་གནང་ཡོང་བ་དང་། དེ་བྱེས་བྱོལ་བོད་མི་རྣམས་རྡོག་རྩ་ཆིག་བསྒྲིལ་སྒོ་ནས་རིང་མིན་རང་དབང་སླར་གསོ་ཐོག་བོད་དུ་ལོག་ཕེབས་ཐབས་གནང་དགོས་ཞུ། བསམ་སྤྱོད་འདྲ་མིན་གང་ཡང་རང་དབང་དང་གྲོས་བསྡུར་གྱི་ལམ་ནས་ལས་དོན་བསྒྲུབ་རྒྱུ་ཡོད་པ་མང་གཙོ་ཞེས་པ་འདི་ཤིན་ཏུ་རླབས་ཆེན་ཡིན། མང་གཙོ་ལ་བརྟེན་ནས་མི་མང་གི་གཏིང་ཟབ་བློ་འདུན་གང་ཡོད་མཚོན་ཐུབ་པ་ཡིན་ལ། དེས་གཞུང་གི་ཕྱག་ལས་གང་གནང་ཡང་སྒྲིག་ལྡན་ཁུངས་ལྡན་ཞིག་ཀྱང་ཆགས་ཀྱི་ཡོད། རང་དབང་དང་མང་གཙོ་ལ་སྤྱོད་བཞིན་པའི་སྒྲིག་འཛུགས་དབར་ཕན་ཚུན་འབྲེལ་བ་དམ་ཟབ་དང་། རྒྱབ་སྐྱོར་བྱེད་གལ་ཆེ་སྟབས་ཕ་རན་སིའི་མང་ཚོགས་ཀྱི་འཐུས་མི་ཞིག་ཡིན་པའི་ཆ་ནས་ཕ་རན་སིའི་གཞུང་ནས་བོད་ཀྱི་རྩ་དོན་ལ་རྒྱབ་སྐྱོར་ཡོང་བ་རྒྱུན་དུ་འབོད་བསྐུལ་བྱེད་བཞིན་ཡོད། མཐར་ཞུ་རྒྱུར། བོད་མི་གཞིས་བྱེས་མཉམས་འཛོམས་ཐོག་བོད་རང་དབང་དགའ་བདེ་ལ་སྤྱོད་པའི་སྨོན་ལམ་ཞུ་རྒྱུ་ཡིན། ཞེས་ཀྱི་གཏམ་བཤད་གྲུབ་བསྟུན་བོད་གཞུང་ཟློས་གར་ཚོགས་པ་དང་། རྡ་སའི་ཉེ་འཁོར་གྱི་བོད་ཁྱིམ་སློབ་གྲྭ་སོགས་དང་། ཆོལ་ཁ་གསུམ་བཅས་ནས་འཁྲབ་སྟོན་རྣམ་གྲངས་ ༡༢ བསྟན་རྗེས་གཞུང་འབྲེལ་གྱི་མཛད་སྒོ་རྒྱལ་ཁའི་ངང་ནས་གྲོལ་ཡོད་པ་བཅས་ཀྱི་གནས་བསྡུས་སུ།