༢༠༠༩ ཕྱི་ཟླ་ ༩ ཚེས་ ༡༢ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༠༩ ཟླ་བ་ ༩ ཚེས་ ༩ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སུ་ལོ་ཝ་ཀི་ཡའི་རྒྱལ་ས་སྦར་ཏི་སི་ལ་བའི་ཁུལ་དུ་རྒྱ་གར་གཞུང་ཚབ་པ་དང་མཇལ་འཕྲད་གནང་བ་དང་། གསར་འགོད་པ་ཁག་གཅིག་གིས་ཆེད་དོན་བཅར་འདྲིར་བཀའ་ལན་དང་འབྲེལ་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པ་རག་ལ་ཆིབས་ཞལ་བསྒྱུར། ཅེཀ་རྒྱལ་ཁབ་ཏུ་ཞབས་སོར་བདེ་བར་འཁོད་རྗེས་ཉིན་དེའི་ཕྱི་དྲོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་བློན་དང་ལྷན་ཁོང་གིི་གཟིམ་ཤག་ཏུ་མཇལ་འཕྲད་གནང་ཡོད་པ་མ་ཟད་སྲིད་འཛིན་ཟུར་པ་ཧ་ཝལ་མཆོག་དང་མཇལ་འཕྲད་ཀྱང་གནང་ཡོད། ཕྱི་ཚེས་ ༡༠ ཉིན་རྒྱབ་ཆུ་ཚོད་ ༢ ཐོག་༸གོང་ས་མཆོག་ནས་གསར་འགོད་ལྷན་ཚོགས་དང་འབྲེལ་ཁོང་རྣམས་ལ།
དེང་སང་འཛམ་བུ་གླིང་གི་རྒྱལ་ཁབ་མང་པོ་ཞིག་མང་གཙོའི་ཐོག་ཕེབས་ཀྱི་ཡོད་པ་དེ་གལ་ཆེན་པོ་ཡིན་པ་གཟིགས་ཀྱི་ཡོད་སྐོར་བཀའ་ཕེབས་ཡོད། སྐབས་དེར་ཅེཀ་སྤྱི་མཐུན་རྒྱལ་ཁབ་གཙོ་བོར་གྱུར་བའི་རྒྱལ་སྤྱིའི་ཡུལ་གྲུ་འདྲ་མིན་ནས་ཡིན་པའི་གསར་འགོད་པ་༨༠ ཙམ་ཕེབས་ཡོད། གསར་འགོད་པ་ཚོས་དྲི་བ་ཕུལ་བའི་ནང་གནད་དོན་གཙོ་བོ་ནི། བོད་ནང་གི་གནས་སྟངས་དང་། བོད་རྒྱ་འབྲེལ་བའི་གནས་སྟངས། ༸གོང་ས་མཆོག་ཉེ་བའི་ཆར་ཐེ་ཝན་དུ་ཆིབས་སྒྱུར་བསྐྱངས་པ་དང་འབྲེལ་བའི་སྐོར་གྱི་དྲི་བ་མང་དག་ཞིག་ཕུལ་ཡོད་པར་བཀའ་ལན་ཕེབས་འདུག ཕྱི་ཚེས་ ༡༠ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༥ པའི་ཐོག་པ་རག་གྲོང་ཁྱེར་སྤྱི་ཁྱབ་པའི་གཟིམ་ཤག་ཏུ་གོ་སྒྲིག་གནང་བའི་ ཨེ་ཤི་ཡི་ནང་གི་ཞི་བདེ། མང་གཙོ། འགྲོ་བ་མིའི་ཐོབ་ཐང་། ཞེས་པའི་བརྗོད་གཞིའི་ཐོག་རྒྱལ་སྤྱིའི་ཚོགས་འདུའི་དབུ་འབྱེད་མཛད་སྒོར་༸གོང་ས་མཆོག་གདན་ཞུ་གནང་བ་ལྟར་ཆིབས་སྒྱུར་བསྐྱངས་ཡོད། སྐབས་དེར་གྲོང་ཁྱེར་སྤྱི་ཁྱབ་པས་ང་ཚོའི་སྨོན་འདུན་ནི་༸གོང་ས་མཆོག་གི་དགོངས་བཞེད་འགྲུབ་རྒྱུ་ཙམ་མ་ཟད་༸གོང་ས་མཆོག་གི་དགོངས་བཞེད་དང་ང་ཚོའི་བསམ་ཕྱོགས་གཅིག་པ་ཡིན་སྐོར་གྱི་གསུང་བཤད་གནང་ཡོད།
མགོན་པོ་གང་ཉིད་མཆོག་ནས་ཤར་ཡུ་རོབ་ནང་པོ་ལེན་ཌི་དང་། ཧང་གྷ་རི། སུ་ལོ་ཝ་ཀི་ཡ། དེ་བཞིན་ཅེཀ་སོགས་ལ་ཆིབས་སྒྱུར་སྐབས་ཁོང་ཚོ་ལོ་མང་རིང་དམར་ཤོག་འོག་སྡུག་པོ་མྱངས་པ་དང་རྗེས་སུ་མང་གཙོ་ཆགས་པར་བརྟེན་བོད་དོན་ཐོག་རྒྱབ་སྐྱོར་དང་དོ་སྣང་ཆེན་པོ་གནང་བར་བཀའ་དྲིན་ཆེན་པོ་ཡིན་ཞེས་བཀའ་སྩལ་ཡོད། དབུ་འབྱེད་མཛད་སྒོའི་སྐབས་ཚོགས་འདུའི་འགན་འཛིན་གྱིས། ད་རེས་ཚོགས་འདུའི་སྐབས་ཐོག་མའི་དམིགས་ཡུལ་ལས་བརྒལ་བའི་མི་གྲངས་མང་པོ་ཕེབས་པ་དེས་དངོས་གནས་དགའ་པོ་བྱུང་། དེས་གང་མཚོན་གྱི་ཡོད་ཟེར་ན་ཚོགས་འདུ་འདི་དངོས་གནས་གལ་ཆེན་པོ་ཡིན་པ་དང་ཨེ་ཤི་ཡའི་ནང་མང་གཙོ་དང་། འགྲོ་བ་མིའི་ཐོབ་ཐང་། ཞི་བདེ་སོགས་དགོས་པ་གལ་ཆེན་པོ་ཡིན་པ་མཚོན་བཞིན་ཡོད་ཅེས་དང་། དེ་བཞིན་ཁོང་ནས་གསུང་དོན་རྩ་བའི་ཚོགས་འདུ་འདི་བཞིན་རང་གུན་ Rangoon ནང་ཚོགས་དགོས་པ་ལྟ་བུ་ཞིག་ཆགས་ཀྱི་ཡོད་ཀྱང་དེར་ཚུགས་མི་ཐུབ་པར་བརྟེན་རྒྱལ་ས་པ་རག་ནང་དུ་ཚུགས་དགོས་ཆགས་པ་རེད་ཅེས་གསུངས།
ཕྱི་ཚེས་ ༡༡ ཞོགས་པ་ཆུ་ཚོད་ ༩ པའི་ཐོག་ཚོགས་འདུ་དངོས་གཞི་དེ་པ་རག་ལམ་མདོ་ Prague Crossroads ཞེས་པ་དེར་ཚོགས་ཡོད། ལྷན་ཚོགས་དེར་བྷང་ག་ལ་དང་། བལ་ཡུལ། རྒྱ་གར་སོགས་ཤར་ཨེ་ཤི་ཡའི་ཡུལ་གྲུ་ཁག་དང་། ནུབ་ཡུ་རོབ། ཨ་རི་བཅས་འཛམ་གླིང་ཁྱོན་ཡོངས་ནས་མི་གྲངས་ ༤༠༠ ལྷག་ཙམ་ཕེབས་ཞུགས་གནང་འདུག ཕྱི་ཚེས་ ༡༡ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཚོགས་འདུ་དངོས་གཞིའི་སྐབས་༸གོང་ས་མཆོག་ནས་དོན་ཚན་གཉིས་ཀྱི་ཐོག་ལ་ཤུགས་ཆེན་པོས་བཀའ་སྩལ་དོན། མི་མང་ཚོས་འཛམ་གླིང་འདིའི་ནང་གནས་ཚུལ་ངོ་མ་གང་ཡིན་ཤེས་པ་བྱེད་རྒྱུ་གལ་ཆེན་པོ་ཡིན། གནས་ཚུལ་ངོ་མ་མེད་པ་ཡིན་ན་ནོར་འཁྲུུལ་ཡོང་གི་ཡོད། ང་ཚོ་བོད་མི་ཚང་མ་མང་གཙོའི་ཐོག་འགྲོ་རྒྱུར་འདོད་པ་ཡོད་པ་ལས་སྤྱི་ཚོགས་རྙིང་པ་རོ་ལངས་རྒྱག་རྒྱུའི་འདོད་པ་མེད། སྤྱི་ཚོགས་ཁྱོན་ཡོངས་ཀྱི་ནང་ཞི་བདེ་དང་། བདེ་སྐྱིད་དགོས་ན། ཡང་དག་པའི་མང་གཙོ་དེ་ཡང་ཁྲིམས་ཀྱི་དབང་སྒྱུར་འོག་གཙོ་བོ་མི་མང་ལ་བརྟེན་དགོས་པ་ལས་གཞུང་འཛིན་དཔོན་རིགས་ཚོས་དབང་ཆ་སྲ་བརྟན་ཡོང་ཐབས་ཀྱི་སླད་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་གཡོ་ཁྲམ་གྱིས་གདུག་རྩབ་སླེབ་ཀྱི་ཡོད། དེ་རྩིས་མི་མང་ནས་འགན་འཁུར་བླླང་སྟེ་དོ་སྣང་དང་ཉམས་ཞིབ་གནང་ནས་གང་ཞིག་མེ་ཏོག་ངོ་མ་ཡིན་པ་དང་གང་ཞིག་བྲིས་པའི་མེ་ཏོག་ཡིན་པའི་དབྱེ་མཚམས་འབྱེད་དགོས་པའི་བཀའ་སློབ་ལམ་སྟོན་སྩལ་ཡོད།༸གོང་ས་མཆོག་ནས་སྐབས་དེར་ངོས་ནས་རང་བཙན་རྩོད་ཀྱི་མེད། ང་ཚོ་བོད་པའི་འཐབ་རྩོད་དེ་རྒྱ་གཞུང་གི་རྩ་ཁྲིམས་ནང་ཡོད་པའི་ཐོབ་ཐང་རྩོད་པ་མ་གཏོགས་རང་བཙན་དགོས་ཞེས་བརྗོད་ཀྱི་མེད། ལྷག་པར་ཨུ་གུར་གྱི་ལྕམ་སྐུ་ར་བི་ཡ་ཀ་ལྡིར་ Rebiya Kadeer མཆོག་ནས་ཀྱང་རང་བཙན་རྩོད་ཀྱི་མེད། ཁྲིམས་ལུགས་དབང་འཛིན་དགོས་པ་དེ་གལ་ཆེན་པོ་རེད། མང་གཙོའི་སྒྲིག་འཛུགས་ཁྲིམས་ལུགས་དབང་འཛིན་ཚད་ལྡན་ཡོད་པ་ཡིན་ན་རྒྱལ་ཁབ་དང་མི་མང་ཚང་མར་ཕན་གྱི་རེད། རྒྱ་གཞུང་ནས་དྲང་བདེན་མིན་པའི་གནས་ཚུལ་མང་པོ་ཁྱབ་སྤེལ་བྱས་པ་དེ་ཡག་པོ་མིན། མི་མང་ནས་སོ་སོས་དོ་སྣང་བྱས་ཏེ་གནས་ཚུལ་ངོ་མ་ཤེས་ཐུབ་ན་ཕན་ཐོགས་ཆེན་པོ་ཡོད་པ་རེད། དཔེར་ན། རྒྱ་ནག་ནང་ལ་ཆ་བཞག་ན་དེང་སང་རྒྱ་ནག་གི་མཁས་པ་དང་མི་མང་པོས་གཞུང་གི་དྲིལ་བསྒྲགས་གང་བྱས་པ་དེ་ཕར་བཞག་སྟེ་སོ་སོོ་སྒེར་ནས་ཚད་ལྡན་གནས་ཚུལ་ཇི་ཡིན་ཤེས་རྒྱུའི་ཐབས་ཤེས་བྱས་ནས་བོད་པའི་གནས་ཚུལ་དང་གནས་ཚུལ་གཞན་ལ་མཐོང་ཚུལ་གསར་པ་ཆགས་ཀྱི་ཡོད། དུས་རབས་ ༢༡ ནང་མང་གཙོ་དང་རང་དབང་སྐོར་ལ་བགྲོ་གླེང་དགོས་པ་གལ་ཆེན་པོ་གཟིགས་ཀྱི་ཡོད་སྐོར་དང་། གཞན་ཡང་ད་རེས་ཚོགས་འདུའི་སྐབས་མི་མང་པོ་ཕེབས་པར་ཐུགས་དགྱེས་ཚོར་ཆེན་པོ་བྱུང་བ་བཀའ་སྩལ་ཡོད། ཚོགས་འདུ་གོ་སྒྲིག་གནང་མཁན་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་སྐུ་ཞབས་ཧེ་ཝལ་ Vaclav Havel གྱི་རྒྱལ་ས་པ་རག་ནང་དུ་རྟེན་གཞི་བྱས་པའི་ཕྱི་ལོ་ ༢༠༠༠ གི་གླེང་སྟེགས་ forum 2000 ཞེས་པའི་ཚོགས་པ་དེ་ཡིན།
ཚོགས་འདུའི་མཇུག་བསྡོམས་སྐབས་༸གོང་ས་མཆོག་དང་དེ་སྔོན་ནོར་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ལྕམ་སྐུ་ཇུ་ཌི་ཝིལ་ཡམ་ Jody Williams དང་ལྷོ་ཨ་ཕི་རི་ཀའི་སྲིད་འཛིན་ཟུར་པ་ཌི་ཀ་ལཀ F.W.de Klerk མཆོག་བཅས་ནས་ཨེ་ཤི་ཡའི་ནང་གི་ཞི་བདེ། མང་གཙོ། འགྲོ་བ་མིའི་ཐོབ་ཐང་ལ་འཕྲད་བཞིན་པའི་དཀའ་ངལ། ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་གནང་ཡོད། སྔ་ལོ་ཕྱི་ཟླ་ ༡༢ ནང་༸གོང་ས་མཆོག་ཁུལ་དེར་ཆིབས་སྒྱུར་བསྐྱངས་སྐབས་སུའང་རྒྱལ་ཁབ་དེའི་སྲིད་བློན་དང་༸གོང་ས་མཆོག་མཇལ་མོལ་ཡང་གནང་ཡོད་པའི་གནས་བསྡུས་སུ།