༢༠༠༩ ཕྱི་ཟླ་ ༨ ཚེས་ ༧ རེས་གཟའ་པ་སངས།
ཕྱི་ལོ་ ༢༠༠༩ ཟླ་ ༨ ཚེས་ ༢ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ནས་ ༡༡།༣༠ བར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཇར་མན་ཕ་རན་ཕུར་ཊི་གྲོང་ཁྱེར་དུ་ཡེ་ཤུ་དང་ཇིན་གྱི་ཆོས་དཔོན་གཉིས་ཀྱི་ལྷན་དུ་བྱམས་པ་དང་སྙིང་རྗེ་དེ་བཞིན་འཛམ་གླིང་འདིའི་སྟེང་ཞི་བདེ་བསྐྲུན་ཐབས་སྐོར་ལ་བགྲོ་གླེང་ཚོགས་འདུའི་ཚོགས་མགོན་དུ་ཆིབས་སྒྱུར་བསྐྱངས་པ་མ་ཟད་གལ་ཆེའི་བཀའ་སློབ་ཀྱང་སྩལ་ཡོད། དེ་ཡང་༸གོང་ས་མཆོག་ནས། སྙིང་རྗེ་ཞེས་པ་འདི་ཕོ་མོ་གཉིས་ཀྱི་ནང་ནས་མོའི་རིགས་ལ་སྙིང་རྗེ་ཆེ་བ་ཡོད་པས་སྤྱི་ཚོགས་སྟེང་བུད་མེད་ཚོས་འགན་མང་ཙམ་བཞེས་ན་ཡག་པོ་ཡོད་སྐོར་དང་། འཛམ་གླིང་ཞི་བདེ་ཞེས་པ་འདི་ནི་མི་སྒེར་པ་སོ་སོའི་སེམས་ནང་ཞི་བདེ་དང་ཁྱིམ་ཚང་ནང་ཞི་བདེ་བྱུང་བས་རྗེས་སུ་འཛམ་གླིང་ཞི་བདེ་ཡོང་གི་རེད། ཅེས་སོགས་ཀྱི་བཀའ་སློབ་ཟབ་ཅིང་རྒྱས་པ་སྩལ་ཡོད། ཉིན་དེའི་ཕྱི་དྲོ་ཆུ་ཚོད་ ༢ ནས་ ༤ བར་མང་ཚོགས་གྲངས་ ༡༥༠༠༠ བརྒལ་བ་བཅར་ཡོད་པ་རྣམས་ལ་མི་ཚེ་བཟང་སྤྱོད་དོན་དང་ལྡན་པའི་ཐོག་ནས་སྐྱེལ་དགོས་རྒྱུའི་སྐོར་ལ་ལམ་སྟོན་བཀའ་སློབ་སྩལ་རྗེས་ཁུལ་དེའི་མཛད་འཕྲིན་ཁག་ཡོངས་སུ་ལེགས་པར་བསྐྱངས་གནང་གྲུབ་ཡོད།།