༢༠༠༩ ཕྱི་ཟླ་ ༨ ཚེས་ ༢༩ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༠༩ ཟླ་ ༧ ཚེས་ ༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འགྲོ་བ་ལྷ་དང་བཅས་པའི་མགོན་དཔུང་དུ་སྐུ་བལྟམས་ཏེ་དགུང་གྲངས་ ༧༤ ཕེབས་པའི་སྐུའི་འཁྲུངས་སྐར་གྱི་དུས་ཆེན་དང་།
བོད་གཞུང་མང་བཙན་བྱོལ་དུ་འབྱོར་ནས་ལོ་ ༥༠ འཁོར་བའི་རྒྱ་གར་གཞུང་མང་དང་དམིགས་བསལ་ཨ་རུ་ན་ཅལ་མངའ་སྡེ་གཞུང་དང་། ནུབ་ཀེ་མེང་རྫོང་ཡུལ་མི་རྣམས་ལ་ཐུགས་རྗེ་བཀྲིན་རྗེས་དྲན་སླད་འབུམ་སྡེ་ལའི་དཔལ་ཐུབ་མཆོག་དགའ་ཚལ་གླིང་གྱི་དགོན་པར་སྲུང་བརྩི་ཞུས་ཡོད།
དེ་ཡང་སྔ་དྲོ་སེར་སྐྱ་མང་ཚོགས་ཀྱི་གཟབ་མཆོར་ལེགས་པར་སྤྲད་དེ་དཔལ་ཐུབ་མཆོག་དགའ་ཚལ་གླིང་དགོན་པའི་མདུན་ཐང་དུ་ལྷན་འཛོམས་ཀྱིས་ལག་ཏུ་སྤོ་སྣེ་དང་དཀར་གཙང་གི་མཇལ་དར་ཐོགས་ནས་༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་འབུམ་ལ་ས་གནས་འགོ་འཛིན་ལས་ཁང་ནས་སྣུམ་འཁོར་ཐོག་དཔལ་ཐུབ་མཆོག་དགོན་པའི་བཞུགས་ཁྲིར་གདན་ཞུ་གནང་རྗེས་སྐུ་རླུང་དར་འཛུགས་ཀྱི་བསྟན་སྲུང་དམར་ནག་གཉིས་ཀྱི་སྤྱན་སྔར་དགེ་འདུན་དང་མི་མང་ནས་བསངས་མཆོད་ཞལ་འདོན་གྲུབ་པ་དང་། མཛད་སྒོའིི་སྐུ་མགྲོན་དུ་རྒྱ་གར་གྲོས་ཚོགས་ཀྱི་འཐུས་མི་ཟུར་པ་ཀི་རན་རི་ཇི་ཇུ་མཆོག་དང་མངའ་སྡེའི་གྲོས་ཚོགས་སྤྱི་འཐུས་ན་རཤ་གོ་ལོ་ལགས་བོད་མི་མང་སྤྱི་འཐུས་པདྨ་འབྱུང་གནས་ལགས། ཨཱཅཱརྱ་ཡེ་ཤེས་ཕུན་ཚོགས་ལགས། རྫོང་དང་། ས་གནས་ཀྱི་གནད་ཡོད་དཔོན་རིགས་། ནང་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་སོགས་སེར་སྐྱ་མི་མང་འདུ་འཛོམས་སྐབས་ཐོག་མར་ལས་དྲུང་བསྟན་འཛིན་རབ་དགའ་ནས་མཛད་རིམ་སྒྲོགས་སྦྱང་གནང་།
དེ་རྗེས་ཧིན་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་དང་རྒྱལ་གླུ་ཕུལ་ནས་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་མདུན་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས། དེ་ནས་རིམ་པས་སྐུ་མགྲོན་རྣམས་ལ་རྟེན་འབྱུང་མཇལ་དར་དང་རྟེན་འབྲེལ་མཚོན་བྱེད་གསོལ་ཇ་འབྲས་བསིལ་འདེགས་འབུལ་དང་བོད་གཞུང་ཟློས་གར་གྱི་ཆེད་སྒྲིག་གནང་བ། རྒྱ་གར་ལ་ཐུགས་རྗེ་ཞུ། ཞེས་པའི་བསྟོད་གླུ་ཕུལ། དེ་རྗེས་ས་གནས་ལས་བྱེད་བཀྲ་ཤིས་ནོར་བུ་ལགས་ཀྱིས་མཛད་སྒོ་ངོ་སྤྲོད་དང་། ས་གནས་འགོ་འཛིན་ལེགས་སྐྱེས་རྡོ་རྗེ་ལགས་ནས་བཙན་བྱོལ་བོད་གཞུང་བཀའ་ཤག་གི་གསུངས་འཕྲིན་བོད་སྐད་དང་ལས་དྲུང་བསྟན་འཛིན་རབ་དགའ་ནས་དབྱིན་སྐད་ཐོག་སྒྲོགས་སྦྱང་གནང་ཡོད། དེ་ནས་འབུམ་ལ་ནང་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་རྡོ་རྗེ་ཚེ་རིང་ལགས་ནས་དུས་ཆེན་དང་འབྲེལ་བའི་བོད་དང་ཧི་མ་ལ་ཡའི་རི་རྒྱུད་གཉིས་ཆོས་དང་རིག་གཞུང་གཅིག་མཚུངས་ཡིན་པའི་གསུང་བཤད་གནང་། དེ་རྗེས་ནང་པའི་རིག་གཞུང་གཅེས་སྐྱོང་གི་དྲུང་ཆེ་ངག་དབང་བཀྲ་ཤིས་ལགས་ཀྱིས་རྒྱ་གར་གཞུང་མང་ནས་སྔར་ལས་ལྷག་པའི་བོད་དོན་ཐོག་རྒྱབ་སྐྱོར་གནང་དགོས་པ་མ་ཟད་༸གོང་ས་མཆོག་བཙན་བྱོལ་དུ་༸ཞབས་སོར་འཁོད་ནས་ལོ་ངོ་ ༥༠ ནང་། ཆོས་དང་རིག་གཞུང་འཛམ་གླིང་ལ་དར་སྤེལ་དང་ལྷག་པར་ཧི་མ་ལ་ཡི་རི་རྒྱུད་ནང་ཕན་རླབས་ཆེན་པོ་ཡིན་པར་བརྟེན་༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་ཞུ་བཞིན་ཡོད་པ་ལྟར་ང་ཚོོས་ཀྱང་མགོན་པོ་གང་ཉིད་མཆོག་དང་བོད་མི་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་སོགས་ཀྱི་གསུང་བཤད་གནང་།
དེ་ནས་བོད་མི་མང་སྤྱི་འཐུས་ཚོགས་ཟུར་པདྨ་འབྱུང་གནས་ལགས་ནས་༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་གྱིས་ཡོངས་ཁྱབ་གསུང་འཕྲིན་སྒྲོགས་སྦྱངས་གནང་ཡོད། དེ་རྗེས་སྤྱི་འཐུས་ཨཅ་ཡེ་ཤེས་ཕུན་ཚོགས་ལགས་ནས་ཧིན་སྐད་ཐོག་རྒྱ་གར་གཞུང་མང་གཉིས་ནས་བོད་མི་སྐྱབས་བཅོལ་བར་སྡོད་གནས་མཐུན་འགྱུར་གནང་བ་ཙམ་མིན་པར་ཤེས་ཡོན་དང་གཞིས་ཆགས་གསར་བསྐྲུན་གང་ཅི་ཐད་ནས་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་། དམིགས་བསལ་སྐུ་མགྲོན་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ན་རེ་ཤ་གོ་ལོ་ལགས་ནས་དུས་ཆེན་དང་འབྲེལ་བའི་གསུང་བཤད་ནང་༸གོང་ས་མཆོག་དགུུང་གྲངས་ ༢༤ ལ་རྒྱ་དམར་བཙན་འཛུལ་རྐྱེན་པས་རྟ་དབང་འབུམ་སྡེ་ལ་ས་གནས་འདི་བརྒྱུད་སྐྱབས་བཅོལ་ཕེབས་བར་སོང་དུས་ཆེན་སྲུང་བརྩི་ཞུ་གལ་ཡིན་པ་དང་། རྒྱ་གར་དང་བོད་མི་དབར་འཆམ་མཐུན་དགོས་གལ་དང་འབྱུང་འགྱུར་མི་ལོ་ ༡༠༠ འཁོར་བའི་དུས་དྲན་དེ་བོད་རང་དབང་ལུང་པའི་ནང་སྲུང་བརྩི་ཐུབ་པའི་སྨོན་འདུན་ཞུས་ནས་གྲ་སྒྲིག་ཚོགས་ཆུང་ལ་ཧིན་སྒོར་ ༥༠༠༠༠།༠༠ ཞལ་འདེབས་མཐུན་འགྱུར་གནང་བ་དང་། དེ་བཞིན་སྐུ་མགྲོན་གཙོ་བོ་རྒྱ་གར་གྲོས་ཚོགས་འཐུས་མི་ཟུར་པ་སྐུ་ཞབས་ཀི་རན་རི་ཇི་ཇུ་མཆོག་ནས་དུས་ཆེན་དང་འབྲེལ་བའི་གསུང་བཤད་གནང་དོན། ང་རང་བོད་དོན་རྒྱབ་སྐྱོར་ཚོགས་མི་ཞིག་ནས་ལས་ཀ་བྱེད་པ་ཉུང་རྐྱེན་འབྱུང་འགྱུར་བོད་དོན་འབྲེལ་བའི་ལས་དོན་གང་འདྲ་ཞིག་སྤེལ་ཡང་དེར་དགའ་སྤོབས་ངང་ནས་མཉམ་ཞུགས་བྱེད་རྒྱུ་ཡིན་པ་སོགས་གསུང་བཤད་གནང་བ་དང་ཆབས་ཅིག་གོ་སྒྲིག་ཚོགས་ཆུང་ནས་གྲ་སྒྲིག་ཚགས་ཚུད་གནང་བར་ཧིན་སྒོར་ ༡༠༠༠༠༠།༠༠ དང་། རིག་གཞུང་འཁྲབ་སྟོན་རྣམས་ལ་ཧིན་སྒོར་ ༥༠༠༠༠།༠༠ ཞལ་འདེབས་བཅས་གནང་བར་སེར་སྐྱ་མི་མང་ནས་དགའ་བསུ་ཤུགས་ཆེ་ཞུས་ཡོད། བོད་གཞུང་མང་བཙན་བྱོལ་དུ་གྱར་ནས་མི་ལོ་ ༥༠ དང་རྒྱ་གར་གཞུང་མང་ལ་ཐུགས་རྗེ་ཆེ་ཞུ་མཚོན་སླད་མགྲོན་གཙོ་གྲངས་ ༡༠ ལ་ཕྱག་རྟགས་དང་ས་གནས་འགོ་ཁྲིད་གྲངས་ ༡༠༠ ཙམ་ལ་མཇལ་དར་ཕུལ་རྗེས་སྐུ་མགྲོན་རྣམས་ལ་ཞལ་ལག་དང་གསོལ་ཇ་འདེགས་འབུལ་གྱིས་རིག་གཞུང་འཁྲབ་སྟོན་པ་བསྟན་འཛིན་སྒང་ཉིན་སློབ་སློབ་ཕྲུག་དང་། ན་གཞོན། ས་གནས་བུད་མེད་ལྷན་ཚོགས། གར་འཆམ་ཚོགས་པ། འབུམ་ལ་ཡུལ་མིའི་སློབ་གྲྭ་ཁག་གསུམ་ནས་འཁྲབ་སྟོན་ཁག་བཅུ་ཙམ་ཞིག་བསྟན་ཡོད་པ་དང་། དེབཞིན་འབུམ་ལ་མི་མང་ནས་ཉིན་གསུམ་རིང་ཟ་ཁང་དང་། ཚོང་ཁང་སྒོ་བརྒྱབ་སྟེ་དུས་ཆེན་སྲུུང་བརྩི་ཞུས་ཡོད་པ་བཅས་ཀྱི་གནས་བསྡུས་སུ།