༢༠༠༩ ཕྱི་ཟླ་ ༨ ཚེས་ ༦ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༠༩ ཟླ་ ༨ ཚེས་ ༦ ནས་ ༨ བར་སུད་སིའི་གྲོང་ཁྱེར་འཇི་ནི་ཝར་ཉིན་གསུམ་རིང་རྒྱལ་སྤྱིའི་ཞི་བསྒྲིགས་ཚོགས་ཆུང་ International Fellowship of Reconciliation དང་སུད་བོད་མཛའ་འབྲེལ་ཚོགས་པ་གཉིས་ནས་གོ་སྒྲིག་འོག་བོད་དོན་ཐོག་དམིགས་བསལ་ཚོགས་ཆེན་ཞིག་སྐོང་ཚོགས་གནང་བར་ས་གནས་མང་པོ་ཞིག་ནས་གནད་ཡོད་རྒྱ་བོད་སྐུ་ཚབ་གྲངས་ ༡༠༠ ལྷག་མཉམ་ཞུགས་གནང་ཀྱི་ཡོད་འདུག ཚོགས་བཅར་བ་རྣམས་ནི་རྩོམ་པ་པོ་དང་། མཁས་དབང་། དེ་བཞིན་ཁྲིམས་རྩོད་པ། ཆབ་སྲིད་མཁས་དབང་། གསར་འགོད་པ་བཅས་ཡིན་པ་དང་ཚོགས་ཆེན་དེའི་གྲོས་གཞི་གཙོ་བོ་གསུམ་ཡོད་པ་ནི། དང་པོ། རྒྱ་བོད་གཉིས་དབར་འབྲེལ་ལམ་ཡར་རྒྱས་གཏོང་ཕྱོགས་སྐོར། གཉིས་པ། རྒྱ་མི་རིགས་ངོས་ནས་བོད་དང་རྒྱ་ནག་གི་གནས་སྟངས་ངོས་འཛིན་ཡག་པོ་ཡོང་སླད་ཐབས་ལམ་གང་ཡོད་སྐོར། གསུམ་པ། མ་འོངས་པར་བོད་རྒྱའི་འབྲེལ་ལམ་ཡར་རྒྱས་གཏོང་ཕྱོགས་ལ་དགོངས་འཆར་གང་ཡོད་སྐོར་སོགས་ཀྱི་གནད་དོན་ཐད་གྲོས་བསྡུར་གནང་རྒྱུ་བཅས་ཡིན་པ་དང་། སུད་བོད་མཛའ་འབྲེལ་ཚོགས་པའི་ Dr. Tashe Thaktsang ལགས་ཀྱིས་གསུང་གསལ། ཚོགས་ཆེན་དེའི་ནང་རྒྱ་བོད་ཚོགས་མི་ཚང་མའི་འདོད་མོས་ལྟར་ཚུགས་ཐུབ་པ་བྱུང་བ་དང་། ཚོགས་ཆེན་དེ་བརྒྱུད་ནས་རྒྱ་བོད་ཀྱི་འབྲེལ་ལམ་ཟབ་ཏུ་འགྲོ་ཐུབ་པ་དང་ཨེ་ཤི་ཡའི་ནང་ཞི་བདེ་ཡོང་རྒྱུར་ཁེ་ཕན་ཆེན་པོ་ཡོང་ཐུབ་པ་ཞིག་རེད་ཅེས་གསུངས།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚོགས་ཆེན་དབུ་འཛུགས་བཀའ་སློབ་བཀའ་དྲིན་སྩལ་གནང་ཡོད། དེ་བཞིན་བཀའ་ཁྲི་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ཀྱང་མཉམ་ཞུགས་གནང་ཡོད་པ་རེད། ཐེ་ཝན་དང་། ཨ་རི། ཉི་ཧོང་དེ་བཞིན་མཐོ་སློབ་འདྲ་མིན་གྱི་མཁས་དབང་བཅས་གྲངས་ ༨༠་ ནས་ ༩༠ མཉམ་ཞུགས་གནང་ཡོད་པའི་ནང་ནས་མང་ཆེ་བ་རྒྱ་རིགས་ཁོ་ན་ཡིན་སྟབས་རྒྱ་སྐད་ཤོད་མཁན་ཨ་རི་ནས་ཀུན་དགའ་བཀྲིས་ལགས་དང་། ཐེ་ཝན་བོད་གཞུང་དོན་གཅོད་། བཞུགས་སྒར་རྡ་ས་བཅས་ནས་སྐུ་ཚབ་ཕེབས་ཏེ་གྲ་སྒྲིག་གནང་བ་ཞིག་དང་། ཚོགས་ཆེན་དེར་རྒྱ་རིགས་གསར་འགོད་པ་མང་དག་ཅིིག་དང་། དེ་བཞིན་ BBC རྒྱ་ཡིག་སྡེ་ཚན་ནས་ཀྱང་ཕྱི་ཚེས་ ༦ ཉིན་༸མགོན་པོ་གང་ཉིད་ལ་དམིགས་བསལ་ལས་རིམ་ཞིག་ཀྱང་གནང་འཆར་ཡོད་པ་རེད། ཐེངས་འདིའི་ཚོགས་ཆེན་ནི་སྔར་དང་མི་འདྲ་བའི་གཞི་རྒྱ་ཆེ་བ་དང་། རྒྱ་མི་རིགས་དང་འབྲེལ་ལམ་ཡར་རྒྱས་གཏོང་ཕྱོགས་ནི་༸གོང་ས་མཆོག་གི་དགོངས་བཞེད་དང་བཙན་བྱོལ་བོད་གཞུང་གི་སྲིད་བྱུས་ཀྱང་ཡིན་པས་ཐེངས་དེའི་ཚོགས་ཆེན་ལ་མི་མང་མང་པོ་ཞིག་ནས་དོ་སྣང་ཤུགས་ཆེན་གནང་གི་ཡོད་སྐོར་སོགས་ཀྱི་གནས་བསྡུས་སུ།