༢༠༠༩ ཕྱི་ཟླ་ ༨ ཚེས་ ༡༨ རེས་གཟའ་མིག་དམར།
༄༅། །འདི་གར་ཧ་སྤུར་འདོད་རྒུ་གཡུལ་རྒྱལ་གླིང་གི་ས་གནས་འགོ་འཛིན་ནས་བཏང་གནས་ནང་འཁོད་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བོད་མི་རྣམས་བཙན་བྱོལ་དུ་འབྱོར་ནས་ལོ་ངོ་ ༥༠ འཁོར་བ་དང་སྟབས་བསྟུན་ས་གནས་ལྔ་བཅུའི་ཚོགས་ཆུང་གིས་གོ་སྒྲིག་འོག་ཕྱི་ལོ་ ༢༠༠༩ ཟླ་ ༣ ཚེས་ ༣༡ ཉིན་གྱི་ཉིན་གུང་ཆུ་ཚོད་ ༡༢ ནས་ ༢ བར་གྲགས་ཅན་གྱི་ཚོགས་ཁང་དུ་ Heritage D. S ཞེས་པར་སྲུང་བརྩི་ཞུས་ཡོད་པར་ས་གནས་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ Munna Singh Chauhan མཆོག་སྐུ་མགྲོན་གཙོ་བོ་དང་། དེ་བཞིན་གཞུང་འབྲེལ་གྱི་གནད་ཡོད་མི་སྣ་ཁག ཧིན་བོད་མཛའ་འབྲེལ་ཚོགས་པ་སོགས་གཞུང་འབྲེལ་མིན་པའི་མི་སྣ་ཁག
རང་གཞུང་སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ཆོས་སྐྱོང་དབང་ཕྱུག་ལགས་དམིགས་བསལ་གདན་ཞུ་དང་། གཞན་ཡང་གསར་འགོད་པ་སོགས་ས་གནས་རྒྱ་གར་ཡུལ་མི་རྣམས་ཀྱི་སྐུ་ཚབ་མཚོན་པའི་གནད་ཡོད་མི་སྣ་ ༡༤༠ ལྷག་ཙམ་གདན་ཞུས་ཀྱིས་འདུ་འཛོམས་བྱས་པའི་ཐོག་མར་ས་གནས་འགོ་འཛིན་གྱིས་༸གོང་ས་མཆོག་ནས་སྩལ་བའི་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་གསུང་འཕྲིན་སྒྲོགས་སྦྱང་ཞུས། དེ་ནས་རིམ་བཞིན་སྐུ་མགྲོན་གཙོ་བོ་མཆོག་ནས་མང་ཚོགས་ལ་དུས་དྲན་དང་འབྲེལ་གསུང་བཤད་གནང་ཡོད། དེ་བཞིན་མི་རྣམས་ལ་ཐུགས་རྗེ་ཆེ་ཞུའི་གཞུང་འབྲེལ་ཡིག་ཆ་དང་།
བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ། ཉེ་ཆར་༸གོང་ས་མཆོག་གིས་ཡུ་རོབ་གྲོས་ཚོགས་སྦར་སིལ་དུ་སྩལ་བའི་བཀའ་སློབ་བཅས་ཀྱི་ཡིག་ཆ་ཁག་འགྲེམས་སྤེལ་ཞུས་པ་དང་སྦྲགས་ཚགས་ཤོག་དང་། བརྙན་འཕྲིན་བརྒྱུད་ནས་དུས་དྲན་དང་འབྲེལ་བའི་རྒྱ་གར་གཞུང་མང་ལ་ཐུགས་རྗེ་ཆེ་ཞུའི་འཚམས་འདྲིའི་གསལ་བསྒྲགས་རྒྱ་གང་ཆེ་སྤེལ་ཡོད་པ་རྒྱ་གར་གྱི་བརྒྱུད་ལམ་ཁག་ནང་ཐོན་ཡོད་པ་རེད། དེ་བཞིན་བོད་ཀྱི་པར་རིགས་འགྲེམས་སྟོན་དང་སྐུ་མགྲོན་རྣམས་ལ་གསོལ་ཚིགས་ཀྱང་ཕུལ་ཏེ་མཛད་སྒོ་ལེགས་གྲུབ་བྱུང་བ་བཅས་ཀྱི་གནས་བསྡུས་སུ།།