༢༠༠༩ ཕྱི་ཟླ་ ༨ ཚེས་ ༡༣ རེས་གཟའ་པ་སངས།
བལ་ཡུལ་སྤོག་ར་བཀྲ་ཤིས་གླིང་ཁྱབ་ཁོངས་རྡོར་སྤ་ཌན་ནོར་འཛིན་གླིང་དུ་ཤིང་སྣ་འདེབས་འཛུགས་གནང་བ།
༄༅། །ཕྱི་ལོ་ ༢༠༠༩ ཟླ་ ༧ ཚེས་ ༣ དང་ ༤ བལ་ཡུལ་སྤོག་ར་བཀྲ་ཤིས་གླིང་ཁྱབ་ཁོངས་རྡོར་སྤ་ཌན་ནོར་འཛིན་གླིང་དུ་བོད་གཞུང་མང་བཙན་བྱོལ་དུ་གྱར་ནས་ལོ་ ༥༠ འཁོར་བའི་དུས་དྲན་སྲུང་བརྩི་དང་འབྲེལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༧༤ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་དང་སྟབས་བསྟུན་ཤིང་སྣ་འདེབས་འཛུགས་ཀྱི་ལས་གཞི་སྤེལ་བ་ལྟར། ཉིན་དང་པོའི་མཛད་སྒོའི་སྐབས་ཨ་རིའི་སྐྱབས་བཅོལ་སྡེ་ཚན་གྱི་ལས་བྱེད་ Mr. Gregory Scatt Bertleft ས་གནས་སློབ་གྲྭའི་སློབ་སྤྱི། ཤིང་ནགས་སྲུང་སྐྱོབ་ལས་ཁུངས་ཀྱི་ལས་བྱེད། སྔར་སྲོལ་གསོ་རིག་འབུམ་བཞིའི་ཨེམ་ཆི། བོད་མི་དང་ཡུལ་མི་བཅས་ཕེབས་ཡོད་པ་དང་། ཉིན་གཉིས་རིང་ཤིང་སྣ་གྲངས་ ༢༥༠ ཙམ་འདེབས་འཛུགས་ཀྱི་ལས་དོན་གང་ལེགས་ཞུས་ཡོད་།
རྡོར་གླིང་ས་གནས་སུ་སྨན་སྦྱིན་གནང་བ།
༄༅། །ཕྱི་ལོ་ ༢༠༠༩ ཟླ་ ༧ ཚེས་ ༦ དང་ ༧ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༧༤ ཕེབས་པའི་སྐུའི་འཁྲུངས་སྐར་དང་སྟབས་བསྟུན་བོད་གཞུང་མང་བཙན་བྱོལ་དུ་གྱར་ནས་མི་ལོ་ ༥༠ འཁོར་བའི་དུས་དྲན་སྲུང་བརྩི་དང་རྒྱ་གར་གཞུང་མང་ཡོངས་ལ་ཐུགས་རྗེ་ཆེ་ཞུ་མཚོན་ཆེད་དུ་རྡོར་གླིང་ས་གནས་འགོ་འཛིན་ལས་ཁང་ནས་གོ་སྒྲིག་འོག་རྡོར་གླིང་ཅོག་ར་སེ་ཏ་མི་ཚོགས་འདུ་འཛོམས་ཆེ་སའི་ཐང་ཆེན་དུ་ས་གནས་སྨན་རྩིས་ཁང་དང་ལྕགས་པོ་རི་བོད་སྨན་དྲན་རྟེན་ཁང་གཉིས་ཟུང་འབྲེལ་ཐོག་སྨན་སྦྱིན་ལས་རིམ་ཞིག་ཉིན་གཉིས་ཀྱི་རིང་ཡུལ་མི་གྲངས་ ༢༨༥ ཙམ་ལ་རིན་མེད་སྨན་སྦྱིན་དང་བརྟག་དཔྱད་ཞུས་པས་བོད་པར་ས་གནས་ཡུལ་མིས་སྔར་དང་མི་འདྲ་བའི་དགའ་གུས་ཀྱི་རྣམ་པ་མངོན་གསལ་ཐོན་པ་དེས་དོན་དང་མཐུན་པའི་ཐུགས་རྗེ་ཆེའི་ལས་འགུལ་ཞིག་བྱུང་ཡོད་པའི་གནས་བསྡུས་བཅས།
ཀུམ་རའོ་ས་གནས་སུ་སྐུའི་འཁྲུངས་སྐར་ལ་སྲུང་བརྩི་ཞུས་པ།
ཕྱི་ལོ་ ༢༠༠༩ ཟླ་ ༧ ཚེས་ ༦ ཀུམ་རའོ་གཞིས་ཆགས་སུ་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༧༤ ཕེབས་པའི་སྐུའི་འཁྲུངས་སྐར་དང་སྟབས་བསྟུན་བོད་གཞུང་མང་བཙན་བྱོལ་དུ་འབྱོར་ནས་ལོ་ངོ་ ༥༠ འཁོར་བའི་དུས་དྲན་ངོ་སྤྲོད་དང་སྦྲགས་དམིགས་བསལ་སྐུ་མགྲོན་དུ་Shri Somdoas Sharma,Tahsildhar མཆོག་དང་ཁོང་གི་ཕྱག་རོགས་རྣམ་པ། ཉེ་འཁོར་གྲོང་གསེབ་ཀྱི་མི་མང་འཐུས་མི། འཕགས་བོད་མཛའ་ཚོགས་ཀྱི་ཚོགས་མི་གསར་པ།
དེ་བཞིན་ཏི་ལོར་ཚོང་པའི་འཐུས་མི་བཅས་ལྷན་འཛོམས་ཐོག་ས་གནས་འགོ་འཛིན་ནས་༸གོང་ས༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྣམ་སྙིང་བསྡུས་དང་དུས་དྲན་ངོ་སྤྲོད་ཀྱི་རྒྱ་གར་གཞུང་མང་ལ་ཐུགས་རྗེ་ཆེ་ཞུས་པ་དང་ཀུམ་རའོ་ཡུལ་མི་བརྒྱད་ཙམ་འཕགས་བོད་མཛའ་གྲོགས་ཚོགས་མིར་གསར་བཞུགས་གནང་བ་བཅས་ཀྱི་གནས་བསྡུས་སུ།
སྒང་ཏོག་ས་གནས་སུ་ཤིང་སྣ་འདེབས་འཛུགས་བྱས་པ།
༄༅། །ཕྱི་ལོ་ ༢༠༠༩ ཟླ་ ༧ ཚེས་ ༢༢ བོད་གཞུང་མང་སྐྱབས་བཅོལ་དུ་འབྱོར་ནས་མི་ལོ་ ༥༠ འཁོར་བའི་དུས་དྲན་དང་གནས་ཡུལ་ས་གནས་ཡུལ་མིར་ཐུགས་རྗེ་ཆེ་ཞུ་མཚོན་བྱེད་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༧༤ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དང་སྟབས་བསྟུན་ཤིང་སྣ་གྲངས་ ༣༥༠ ཙམ་ས་གནས་ཀྱི་སམ་བྷོ་ཊ་གཏན་སློབ་ཉེ་འཁོར་དུ་འདེབས་འཛུགས་ཞུས་པའི་གནས་བསྡུས་སུ།།
མེའོ་ས་གནས་སུ་མངར་ཟས་བགོས་འགྲེམས་ཞུས་པ།
༄༅། །ཕྱི་ལོ་ ༢༠༠༩ ཟླ་ ༧ ཚེས་ ༦ མེའོ་ཆོས་འཕེལ་གླིང་ས་གནས་སུ་༸གོང་ས་༸སྐྱབས་མགོན་ཆེན་པོའི་དབུ་ཁྲིད་འོག་རང་རིགས་རྣམས་བཙན་བྱོལ་དུ་འབྱོར་ནས་མི་ལོ་ཧྲིལ་པོ་ ༥༠ འཁོར་བའི་དུས་དྲན་དང་འབྲེལ་འདི་ཁུལ་དུ་རང་ཡུལ་གཉིས་པ་ལྟ་བུའི་ཚོར་བའི་ཐོག་ཐུགས་རྗེ་ཆེ་ཞུ་མཚོན་ཆེད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་ཉིན་དང་སྟབས་བསྟུན་ས་གནས་དཔོན་རིགས་རྣམས་དང་། ས་གནས་ཡུལ་མིའི་སློབ་གྲྭ་བཅས་ལ་ལོ་ཐོ་ཆེ་ཆུང་ཁག་འགྲེམས་འབུལ་དང་དེ་བཞིན་མངར་ཟས་བགོས་འགྲེམས་ཞུས་ཡོད་པ་བཅས་ཀྱི་གནས་བསྡུས་སུ།།