༢༠༠༩ ཕྱི་ཟླ་ ༨ ཚེས་ ༦ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༠༩ ཟླ་ ༨ ཚེས་ ༡ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྩེད་ཐང་གི་ས་འོག་ཚོམས་ཆེན་ནང་ཆིབས་སྒྱུར་བསྐྱངས་ཏེ་ཇར་མན་ནང་གནས་སྡོད་བྱེད་བཞིན་པའི་བོད་མི་གྲངས་ ༤༠༠ དང་། སུད་སི་སོགས་ཉེ་འཁོར་རྒྱལ་ཁབ་ཀྱི་བོད་མི་ ༥༠ ཙམ། ཇར་མན་བོད་དོན་རྒྱབ་སྐྱོར་ཚོགས་པ། རྒྱལ་སྤྱིའི་བོད་ཀྱི་ལས་འགུལ་ཁག་གི་ས་གནས་ཚོགས་ཆུང་རེའི་སྐུ་ཚབ་ ༥༠ བཅས་ལ་མཇལ་ཁ་སྩལ་ཡོད། སྐབས་དེར་༸གོང་ས་མཆོག་ནས་དང་པོ་བོད་མི་རྣམས་ལ་བཀའ་སློབ་ཕེབས་དོན།
སྤྱིར་བོད་མི་རིགས་ཀྱི་རིན་ཐང་དང་། མི་རིགས་ཀྱི་རིག་གཞུང་གི་རིན་ཐང་འདི་ཕལ་ཆེར་འཛམ་གླིང་འདིའི་སྟེང་ལ་བསྟོད་འོས་པ་ཞིག་བྱུང་ཡོད། དེ་འདྲ་ཡིན་དུས་ངོས་ནས་འདི་བཤད་དགོས་པ་གང་ཡིན་ཞེ་ན། ང་ཚོ་བོད་པ་བོད་ནང་དུ་དཀའ་སྡུག་མང་པོ་འཕྲད་ནས་གཞི་རྐང་འདས་པའི་ལོ་དྲུག་ཅུ་ཙམ་ཞིག་གི་རིང་ལ་མི་འབུམ་ཕྲག་དཀའ་ངལ་མང་པོ་མྱངས་ནས་རྐྱེན་འདས་སུ་གྱུར་ཡོད། སྔ་ལོའི་ཕྱི་ཟླ་ ༣ ཚེས་ ༡༤ དོན་རྐྱེན་བྱུང་བའི་རྗེས་ལ་བོད་པ་མང་པོ་ཞིག་ལ་དཀའ་ངལ་མང་དག་ཅིག་འཕྲད་ཡོད། འོན་ཀྱང་དཀའ་ངལ་ག་ཚོད་བྱུང་ནའང་བོད་མི་རིགས་ཀྱི་སྙིང་སྟོབས་དང་བོད་མི་རིགས་ཀྱིས་སོ་སོའི་ཐོབ་ཐང་རྩོད་རྒྱུའི་སྤོབས་པ་དེ་ཁྱོན་ནས་བརླག་མེད། འདས་པའི་ལོ་དྲུག་ཅུ་མ་ཟིན་ཙམ་ཞིག་དང་ལྷག་པར་ཕྱི་ལོ་ ༡༩༥༩ ནས་བརྩིས་ན་ལོ་ལྔ་བཅུ་ཕྱིན་ཡོད། དེའི་རིང་རྒྱ་མི་གུང་ཁྲན་གྱིས་ཐབས་ཤེས་འཇམ་རྩབ་སྣ་ཚོགས་བྱས་ཡོད་ཀྱང་མཚམས་འཇོག་བྱས་མེད། དེས་ག་རེ་སྟོན་གྱི་ཡོད་དམ་ཞེ་ན་ང་ཚོ་བོད་མི་རིགས་ལ་སོ་སོའི་རུས་རྩིས་རྒྱུ་དང་སོ་སོའི་གཞུང་རྩིས་རྒྱུ་ཡོད་པ་གསལ་པོ་བསྟན་ཡོད། དེ་འདྲ་ཡིན་དུས་དེ་རིང་ཁ་སང་འཛམ་གླིང་འདིའི་སྟེང་རྒྱ་མི་རིགས་ཀྱི་ནང་ནས་བོད་པའི་ཐོག་ལ་དོ་སྣང་དང་ཤ་ཚ་བྱེད་མཁན་ཇེ་མང་ནས་ཇེ་མང་དུ་འགྲོ་གི་འདུག ངོས་ནས་སྔོན་དུ་བརྗོད་པ་ལྟར་སྔ་ལོ་གསུམ་བཅུའི་དོན་རྐྱེན་བྱུང་བའི་རྗེས་རྒྱ་མི་རིགས་ཐུག་འཕྲད་བྱ་རྒྱུར་འབད་བརྩོན་བྱེད་ཀྱི་ཡོད། བྱས་ཙང་ནམ་རྒྱུན་དུ་རྒྱ་མིའི་མཁས་པ་ཉི་ཤུ་སུམ་ཅུ་ལུང་པ་མང་པོའི་ནང་ལ་ཐུག་འཕྲད་བྱེད་བཞིན་ཡོད། དེར་བརྟེན་གང་ལྟར་རྒྱ་མིའི་ནང་ནས་བོད་ཀྱི་གནད་དོན་སྐོར་ལ་རྒྱ་ཡིག་ཐོག་རྩོམ་ཡིག་བྲིས་པ་ད་ལྟ་བར་དུ་ང་ཚོས་ཤེས་ཚོད་བྱས་པ་ཡིན་ན་ཧ་ལམ་དྲུག་བརྒྱ་བརྒྱད་ཅུ་ཙམ་ཞིག་བྱུང་ཡོད། དེ་དག་ནི་ང་ཚོས་འཚེ་བ་མེད་པའི་ལམ་དང་དབུ་མའི་ལམ་ལ་རྟེན་ནས་གཉིས་ཕན་བྱེད་ཀྱི་ཡོད་པ་འདི་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རེད།
ད་ལྟ་ཕན་ཆད་བོད་འདི་རང་བཙན་ཡིན་པ་དང་བོད་མིའི་རང་བཙན་རྩོད་རྒྱུ་དེ་ཐོབ་ཐང་ཡོད་པ་དང་རྒྱུ་མཚན་ལྡན་པ་ཞིག་ཡིན། གང་ལྟར་དེ་དག་གི་ག་རེ་མཚོན་གྱི་ཡོད་པ་རེད་ཅེས་ན། རྩོམ་ཡིག་དྲུག་བརྒྱ་བརྒྱད་ཅུ་ཡོད་པའི་ནང་ཧ་ལམ་བརྒྱ་ལྷག་ཙམ་ཞིག་རྒྱ་ནག་སྐམ་ས་ཆེན་པོ་རང་ནས་བྲིས་པ་ཞིག་རེད། དེ་ཚོའི་གྲས་ཀྱིས་ང་ཚོའི་བདེན་པའི་གནས་ཚུལ་གསལ་དུ་གསལ་དུ་འགྲོ་གི་ཡོད་པ་ཞིག་ཡིན། དེ་འདྲ་ཡིན་དུས་ད་ལྟ་བར་དུ་ལོ་ལྔ་བཅུའི་རིང་ལ་ཚང་མས་བློ་སེམས་སྒྲིལ་ནས་བོད་མི་རིགས་ཀྱི་ལ་རྒྱ་དང་ཞེན་ཁོག་བཟུང་སྟེ་བདེན་པའི་འཐབ་རྩོད་འདི་བདེན་པ་བདེན་ཐོག་ཏུ་འཁྱོལ་བ་ཞིག་འཚེ་བ་མེད་པའི་ལམ་ནས་རྟེན་ནས་ང་ཚོ་ད་ལྟ་བར་དུ་ཕྱིན་པ་རེད། བློ་གུ་ཡངས་པོའི་ཐོག་ནས་རང་རྒྱལ་གཞན་ཕམ་ཟེར་བ་མིན་པར་གཉིས་ཕན་ཡོང་རྒྱུར་ད་ལྟ་བར་དུ་འབད་བརྩོན་བྱས་པ་རེད། དེ་བྱས་པའི་འབྲས་བུ་རྒྱ་ནག་གཞུང་ཕྱོགས་ནས་ད་ལྟ་ཡོང་གི་མི་འདུག་སྟེ་རྒྱ་ནག་མི་མང་གི་ཕྱོགས་ནས་ཡོང་བཞིན་ཡོད། འཛམ་གླིང་མི་མང་གིས་བོད་ཀྱི་བདེན་པའི་འཐབ་རྩོད་འདི་ཕྱོགས་གཅིག་ནས་བདེན་པ་ཡིན་པ་དང་། གཉིས་ནས་འཚེ་བ་མེད་པའི་ལམ་ནས་འགྲོ་རྒྱུ་དེ་ངོ་མཚར་ཆེན་པོ་རེད། ཅེས་མང་པོས་བསྔགས་བརྗོད་བྱེད་ཀྱི་འདུག དེ་རིང་ཞོགས་པ་ང་ཚོར་ལོ་མང་རྒྱབ་སྐྱོར་བྱེད་མཁན་གྲོགས་པོ་ཐུན་པ་ཤོ་ཕི་ལན་ཌི་ཁོང་ནས་དངོས་གནས་བོད་ཀྱི་གནད་དོན་ཧ་ལས་དགོས་པ་ཞིག་རེད་འདུག དེ་ཡང་བོད་པའི་ལངས་ཕྱོགས་འདི་རྒྱུ་མཚན་ལྡན་པ་དང་བློ་གུ་ཡངས་པོ། འགྱུར་བ་མེད་པ་ཡག་པོ་རེད་འདུག ཅེས་བསྔགས་བརྗོད་བྱེད་བཞིན་འདུག ཕལ་ཆེར་འགན་ཡོད་མཁན་གྱི་མི་ལུང་པ་མང་པོ་ནང་ཚང་མས་ང་ཚོའི་རོགས་སྐྱོར་དེ་བོད་པ་སྐྱོ་དྲག་འདུག་བོད་པས་གོང་དང་མ་སོང་ཆུང་དྲགས་འདུག་ཟེར་མཁན་ཧ་ལམ་མེད་པ་ཞིག་རེད། ད་རེས་ངོས་ནས་འདི་བརྗོད་དགོས་དོན་ནི་ང་ཚོའི་དབུ་མའི་ལམ་ཞེས་པ་འདི་བོད་པའི་ནང་བརླག་འགྲོ་གི་འདུག དབུ་མའི་ལམ་གྱི་ང་ཚོ་སྒྲུབ་བྱ་ཆུང་དྲགས་འདུག ཅེས་བསམ་ཚུལ་བརྗོད་མཁན་ཡོང་གི་འདུག ཁག་ཁྱོན་ནས་མི་འདུག་རྒྱ་མིས་སྡུག་པོ་དེ་འདྲ་ཞིག་གཏོང་གི་ཡོད་པ་རེད། བོད་མི་རིགས་ལ་ལོ་རྒྱུས་ཀྱི་ཐོག་ནས་ང་ཚོར་ཐོབ་ཐང་ཞིག་ཡོད། དེ་འདྲ་ཡིན་དུས་འགྲིག་གི་མི་འདུག་ཟེར་མཁན་གྱི་བསམ་ཚུལ་ཡོང་གི་འདུག་པར་ཁག་མེད་པ་ཞིག་རེད། ཡིན་ནའང་དངོས་ཡོད་ཀྱི་གནས་ཚུལ་ལ་ད་ལྟ་བར་དུ་ང་ཚོས་སྲིད་བྱུས་ཟིན་པ་འདི་རྒྱ་མིའི་ནང་ལ་ཡིན་ནའང་རེད། བོད་ནང་གི་བོད་རིགས་ལ་ཆ་བཞག་ནའང་མང་པོ་ཞིག་རྒྱ་གར་ནང་ཚུར་དངོས་སུ་ཐུག་པར་ཡོང་རྒྱུ་ཡོད། ལན་བསྐུར་ཡོང་གི་ཡོད་པ་རེད། བསམ་ཡོད་ཚང་མས་མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད་པ་ཞིག་རེད། དེ་འདྲ་ཡིན་དུས་མཐར་ཐུག་མི་མང་གིས་ཐག་གཅོད་ཀྱི་རེད་མ་གཏོགས་གཅིག་གཅོད་མེད་པ་རེད། གང་ལྟར་ང་ཚོས་ད་བར་བྱས་པ་དེ་དག་ཕལ་ཆེར་ནོར་མེད་པ་ལྟ་བུ་ཞིག་རེད། ལམ་སེང་རྒྱ་ནག་གཞུང་ནས་འདི་ལ་བརྡ་ལན་སྤྲད་དེ་གྲུབ་འབྲས་སོན་གྱི་མེད་ཀྱང་འཛམ་གླིང་འདིའི་སྟེང་དང་ལྷག་པར་རྒྱ་ནག་མི་མང་གིས་མིག་སྔར་ང་ཚོ་བོད་པའི་ལངས་ཕྱོགས་འདི་རྒྱུ་མཚན་ལྡན་པ་ཞིག་དང་དངོས་གནས་བློ་གུ་ཡངས་པོའི་ཐོག་ནས་གཉིས་ཕན་གྱི་བསམ་བློ་གཏོང་གི་ཡོད་པ་དེ་ལ་ངོས་འཛིན་དང་རྒྱབ་སྐྱོར་བྱེད་ཀྱི་ཡོད། དེ་དག་ནི་སྤྱི་ཡོངས་ཀྱི་སྐད་ཆ་ཞིག་ཡིན། ད་ལྟ་བར་དུ་ཚང་མས་སེམས་ཤུགས་འཁྱེར་ནས་བསྡད་ཡོད་པ་རེད་ལ་ད་དུང་ཡང་སེེམས་ཤུགས་མ་ཆག་པ་བྱས་ཏེ། ག་རེ་བྱེད་དགོས་ཀྱི་ཡོད་དམ་ཞེས་ན། མུར་མཛོག་སྒོང་རྒྱུའི་སྐད་ཆ་དེ་འདྲ་མ་རེད། ང་ཚོ་སློབ་སྦྱོང་ལ་ཤུགས་རྒྱག་དགོས། ཕྱོགས་གཅིག་ནས་དེང་དུས་ཀྱི་ཤེས་ཡོན་ང་ཚོ་རྗེས་ལུས་ཐེབས་ཡོད་པ་ཡིན་ཙང་། དེ་དག་གསབ་རྒྱུར་ང་ཚོས་ཤུགས་རྒྱག་རྒྱུ་ནི་གལ་ཆེན་པོ་ཡིན། ད་ལྟ་འདིར་ཁྱེེད་རང་ཚོར་སྒྲིག་འཛུགས་ཤིག་ཡོད་པའི་ཐོག་ལས་ཀ་རྣམས་ཡག་ཐག་ཆོད་བྱུང་འདུག ད་དུང་ཡང་ཤེས་ཡོན་ཐོག་ལ་ཤུགས་རྒྱག་རྒྱུ་དང་སོ་སོ་བོད་མི་རིགས་ཤིག་ཡིན་པ་རེད། བོད་མི་རིགས་ལ་ཕན་འབྲས་ཐོན་པའི་ལས་ཀ་ཞིག་བྱེད་རྒྱུ་ནི་གལ་ཆེན་པོ་རེད། གདོང་པ་བོད་པ་ཡིན་པ་གཅིག་པུ་འགྲིག་གི་མེད། ནང་གི་བསམ་བློ་གཏོང་ཕྱོགས་དང་ཤེས་ཡོན་དེ་བོད་པའི་ཁྱད་ཆོས་ཚང་བ་བྱེད་རྒྱུ་གལ་ཆེན་པོ་རེད་འདུག ཅེས་བཀའ་སྩལ་ཡོད།