༢༠༠༩ ཕྱི་ཟླ་ ༨ ཚེས་ ༢༧ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༠༩ ཟླ་ ༨ ཚེས་ ༢༥ ཉིན་མཐའ་མའི་ཆོས་འབྲེལ་སྐབས་༸གོང་ས་མཆོག་ནས་བོད་ཀྱི་ད་ལྟ་ངེས་མེད་ཀྱི་གནས་སྟངས་ལ་གཞིགས་པའི་ཧི་མ་ལ་ཡའི་རི་རྒྱུད་ཚོར་གངས་ཅན་པའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་རྒྱུའི་ལས་འགན་ཡོད་པ་རེད་ཅེས་བཀའ་གནང་བ་མ་ཟད། ལྷག་པར་སངས་རྒྱས་ཀྱི་བསྟན་པའི་འཛིན་མཁན་དབུས་བླ་མ་ནས་མཇུག་རབ་བྱུང་གི་སྡེ་ཚོགས་བཅས་ནས་ཆོས་སྤུ་དག་ཅིག་གནང་དགོས་གལ་སོགས་ཀྱི་ལམ་སྟོན་བཀའ་དྲིན་སྩལ་གནང་ཡོད་པ་རེད།
དེ་ཡང་༸གོང་ས་མཆོག་ནས་བཀའ་ཕེབས་དོན། གངས་ཅན་ལྗོངས་ཀྱི་སངས་རྒྱས་ཀྱི་བསྟན་པ་འདི། དེ་རིང་ཁ་སང་ཉག་ཕྲག་པོ་ཆགས་ཀྱི་ཡོད་པ་རེད། ༼སློབ་དཔོན་དབྱིག་གཉེན་གྱིས། །སྟོན་པ་འཇིག་རྟེན་མིག་ནས་ཟུམ་གྱུར་ཅིང་། །དབང་འགྱུར་སྐྱེ་བོ་ཕལ་ཆེར་ཟད་པ་ན། དེ་ཉིད་མ་མཐོང་རང་དགར་གྱུར་པ་ཡི། །ངན་རྟོག་རྣམས་ཀྱི་བསྟན་པ་འདི་དཀྲུགས་སོ། དེ་ལྟར་ཐུབ་པ་དག་གི་བསྟན་པ་ནི། ལྐོག་མར་སྲོག་ཕྱིན་འདྲ་དང་དྲི་མ་རྣམས། །སྟོབས་དང་ལྡན་པའི་དུས་སུ་རིག་ནས་ནི། །ཐར་པ་འདོད་པ་དག་གི་བག་ཡོད་གྱིས། ཞེས་གསུངས་ཡོད།༽ ༸གོང་ས་མཆོག་ནས་ཆོས་འབྲེལ་གྱི་ཐོག་མར་བོད་ཀྱི་ནང་པའི་སངས་རྒྱས་པའི་ཆོས་འདི་འཛམ་གླིང་གི་ཆོས་བརྒྱུད་མང་པོའི་ནང་ནས་རིགས་ལམ་ཀྱི་ངེས་པ་འདྲེན་མཁན་ཆོས་བརྒྱུད་ཟབ་ཤོས་ཡིན་པ་སོགས་སྐོར་ངོ་སྤྲོད་གནང་བ་དང་སྦྲགས་ད་ལྟའི་བོད་ཀྱི་ངེས་མེད་ཀྱི་གནས་སྟངས་ལ་གཞིགས་པའི་གངས་ཅན་པའི་ཆོས་བརྒྱུད་ལ་འཇིག་ཉེན་ཞིག་ཡོད་དུས་ཧི་མ་ཡ་ལའི་རི་རྒྱུད་གནས་པའི་མི་མང་ཚོས་ཆོས་བརྒྱུད་དེ་ཡང་དག་ཅིག་གི་ཐོག་ནས་མི་ཉམས་རྒྱུན་འཛིན་བྱེད་རྒྱུ་དེ་གལ་ཆེན་པོ་ཡིན་པ་སོགས་ཀྱི་ལམ་སྟོན་བཀའ་དྲིན་སྩལ་དོན།
ང་ཚོ་བོད་པའི་ནམ་རྒྱུན་བསམ་བློ་གཏོང་སྟངས་དང་བསམ་བློ་འཁྱེར་ཕྱོགས་སྐོར་བཤད་ཀྱི་ཡོད།། ང་ཚོ་རེ་བ་བཟང་ས་ནས་རྒྱག་དགོས་རེད། ཡིན་ཡང་གྲ་སྒྲིག་འདི་སྡུག་ས་ནས་བྱེད་དགོས། ཞེས་དེ་འདྲ་བཤད་ཀྱི་ཡོད། ང་ཚོ་བོད་མི་བཙན་བྱོལ་བ་ཆགས་ནས་ལོ་ ༥༠ བརྒལ་འགྲོ་གི་ཡོད་པ་རེད། ང་ཚོས་རྟག་པར་དེ་འདྲ་བཤད་ཀྱི་ཡོད་པ་རེད། དེ་འདྲ་ཡིན་དུས་སངས་རྒྱས་ཀྱི་ཆོས་སྐོར་ཆ་བཞག་ན་ཡང་རེ་བ་དེ་བཟང་ནས་བརྒྱབ། སློབ་གཉེར་བྱེད་རྒྱུར་མུ་མཐུད་ནས་ཤུགས་རྒྱག་རྒྱུ་དེ་གལ་ཆེན་པོ་རེད། ཡག་པོ་ཡོང་གི་རེད་བསམ་པའི་ང་ཚོས་རེ་བ་རྒྱག་དགོས་པ་རེད། ཡིན་ཡང་གྲ་སྒྲིག་སྡུག་ས་ནས་བྱེད་དགོས་པ་ཡིན་དུས་མ་བྱུང་སྔོན་འགོག་བྱེད་རྒྱུ་དེ་ཚོ་གལ་ཆེན་པོ་རེད། དེ་འདྲ་ཡིན་དུས་སངས་རྒྱས་ཀྱི་བསྟན་པ་འཛིན་མཁན་གཙོ་བོ་དེ་རབ་བྱུང་གི་སྡེ་ཆགས་ཡོད་པ་རེད། རབ་བྱུང་གི་སྡེཆགས་ཡོད་སྐབས་རབ་བྱུང་ཕོ་མོ་གང་ཡིན་ཡང་སྤུས་དག་པོ་བྱེད་རྒྱུ་དེ་གལ་ཆེན་པོ་རེད། གྲྭ་པ་དང་ཨ་ནེ་བྱེད་དགོས་རེད། ཅེས་ཁྲལ་བསྐུལ་མཁན་སུ་གཅིག་ཡོད་པ་མ་རེད། སོ་སོས་དང་དུ་བླངས་ནས་བྱས་པ་རེད། དང་དུ་བླངས་ནས་བྱས་ཕྱིན་ཆད་ལ་སྤུས་དག་པོ་བྱེད་རྒྱུ་དེ་གལ་ཆེན་པོ་རེད། གྲངས་ཁ་མང་བས་ཕན་ཐོགས་ཆེ་བ་ཡོད་པ་མ་རེད། སྤུས་དག་པོ་བྱེད་རྒྱུ་ནི་གལ་ཆེན་པོ་རེད། སྤུས་མ་དག་ཅིག་བྱུང་བ་ཡིན་ན་ཡག་པོ་མི་འདུག
སྐབས་རེ་སྐྱ་མིན་སེར་མིན། དུག་ལོག་ལ་བལྟས་པ་ཡིན་ན་གྲྭ་པ་ཡིན་པ་འདྲ་པོ། ཁྱིམ་མི་ཡོད་པའི་ཆ་ནས་བལྟས་པ་ཡིན་ན་སྐྱ་བོ་ཡིན་པའི་འདྲ་པོ། དེ་འདྲའི་སྐྱ་མིན་སེར་མིན་དེ་ཚོ་ཡག་པོ་ཡོད་མ་རེད། ཡང་ན་གཙང་མ་ཞིག་བྱས་ནས་གོས་དཀར་ལྕང་ལོ་སྡེ་ཞེས་བྱས་ཏེ། སྔར་མཁན་སློབ་ཆོས་གསུམ་གདན་འཛོམས་པའི་སྐབས་ནས་གོས་དཀར་ལྕང་ལོ་སྡེ། རབ་བྱུང་ལུགས་ཀྱི་སྡེ་ཞེས་ནས་སྡེ་གཉིས་གསུངས་པ་རེད། བྱས་ཙང་མཁན་སློབ་ཆོས་གསུམ་ཚིག་གི་བདག་པོ་ཚིག་ཏུ་བཅད་པ་ལྟ་བུ་རེད། དེ་འདྲ་ཡིན་དུས་རབ་བྱུང་མིན་ན། ནང་མི་བུ་ཕྲུག་ཡོད་ན་གོས་དཀར་ལྕང་ལོ་སྡེ་བྱས་ནས་ཡག་ཤོས་རེད། རབ་བྱུང་ངུར་ིག་གི་སྡེ་བྱས་ནས་སྡོད་ཀྱི་ཡོད་ན་སྒྲིག་ཁྲིམས་ཡག་པོ་སྲུང་དགོས། དེ་འདྲ་ཡིན་དུས་ཁྱེད་རང་ཚང་མས་བསམ་བློ་ཡག་པོ་གཏོང་དགོས་རེད། དབུས་བླ་མ་ནས་བཟུང་མཇུག་གྲྭ་མང་ཡན་ཆད་ཚང་མས་གཟབ་གཟབ་བྱེད་རྒྱུ་གལ་ཆེན་པོ་ཡིན། དེ་མིན་ཚོད་ཚོད་བྱས་ནས་ཕྱིན་པ་ཡིན་ན། སངས་རྒྱས་ཀྱི་བསྟན་པའི་ཞབ་འདེགས་འགྲོ་གི་ཡོད་དམ་ཞབས་འདྲེན་ལ་འགྲོ་གི་ཡོད་ཅེས་ཀྱི་བཀའ་སློབ་ཟབ་མོ་སྩལ་ཡོད། ཡང་༸གོང་ས་མཆོག་ནས་སོ་སོ་རང་ཉིད་ཀྱི་ཆོས་བརྒྱུད་ལ་དད་པ་རྩེ་གཅིག་ཏུ་བྱས་པ་ལས་ཞེན་ཆགས་བྱེད་རྒྱུ་མེད་པའི་སྐོར་ལ་བཀའ་སློབ་སྩལ་དོན། སངས་རྒྱས་པའི་ཆོས་པ་ཞིག་ཡིན་པའི་ངོས་ནས་སངས་རྒྱས་ཀྱི་ཆོས་དེ་ལ་ཞེན་ཆགས་བྱས་ན། བདག་གཞན་ཆགས་ཏེ་འཛིན་པ་ཟེར་བ་དེ་སླེབས་ཡོང་གི་འདུག ཞེན་ཆགས་མེད་པ་བྱས་ཏེ། བློ་གཟུར་བོ་གནས་པའི་ཐོག་ཤེས་ནས་དད་པ་ཐོབ་པ་ཞིག་བྱས་ནས་ཞེན་ཆགས་མེད་པ་བྱེད་རྒྱུ་དེ་གལ་ཆེན་པོ་རེད། དེ་བཞིན་ས་དགེ་བཀའ་རྙིང་། ཇོ་ནང་། བོན་དང་བཅས་པ་སོ་སོར་ཆ་བཞག་ན་སོ་སོའི་དད་གུས་ཡོད་པ་བྱས། འཛིན་ཞེན་མེད་པ་བྱེད་རྒྱུ་ནི་གལ་ཆེན་པོ་རེད་ཅེས་བཀའ་སྩལ་ཡོད། ཆོས་འབྲེལ་ལམ་སྟོན་བཀའ་དྲིན་སྩལ་གྲུབ་བསྟུན་༸གོང་ས་མཆོག་ནས་ལམ་རིམ་འཇམ་དཔལ་ཞལ་ལུང་གི་ཆོས་འབྲེལ་འཕྲོ་སྐྱོང་ཆ་ཚང་སྩལ་བ་མ་ཟད། རྒྱལ་དབང་མི་འཁྲུགས་པའི་བཀའ་དབང་དངོས་གཞི་བཅས་བཀའ་དྲིན་སྩལ་ཡོད་པ་དང་། བཀའ་དབང་ངོས་གཞི་གྲུབ་མཚམས་བྱང་རྩེ་ཆོས་རྗེ་རིན་པོ་ཆེ་མཆོག་ནས་མཎྜལ་ལྗགས་བཤད་གནང་བ་དང་སྦྲགས་ལ་དྭགས་དད་ལྡན་མང་ཚོགས་ཀྱི་ངོས་ནས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་བརྟན་བཞུགས་བསྟར་འབུལ་ཞུས་པ་དང་བསྟུན་མགོན་པ་གང་ཉིད་མཆོག་ནས་ལ་དྭགས་ཀྱི་རྒྱལ་ས་སླེ་རུ་ཉིན་གྲངས་བཞིའི་རིང་ཆོས་འབྲེལ་ལེགས་པར་གྲུབ་ཡོད་པ་བཅས་ཀྱི་གནས་བསྡུས་སུ