༢༠༠༩ ཕྱི་ཟླ་ ༨ ཚེས་ ༢༠ རེས་གཟའ་ཕུར་བུ།
༄༅། །བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་༢༠༠༩ ཟླ་ ༨ ཚེས་ ༡༧ ཉིན་ལ་དྭགས་ཀྱི་རྒྱལ་ས་སླེ་ནས་ཐད་འཕུར་གནམ་གྲུ་བརྒྱུད་ཟངས་དཀར་དུ་༸ཞབས་སོར་འཁོད་ཡོད་པ་རེད།
དེ་ཡང་མགོན་པོ་གང་ཉིད་པ་ཐང་གནམ་ཐང་ནས་ཕེབས་འཁོར་བརྒྱུད་ཀི་ལོ་མི་ཊར་ ༢ ཙམ་གྱི་སར་ཡོད་པའི་ཕོ་བྲང་ལ་༸ཞབས་སོར་འཁོད་སྐབས་ཕེབས་ལམ་གཡས་གཡོན་དུ་ཆོས་ཞུ་བ་རྣམས་ནས་རུ་སྟར་བསྒྲིགས་ནས་ལ་དྭགས་ཀྱི་རིག་གཞུང་མཚོན་པའི་གཟབ་མཆོར་ལེགས་པར་སྤྲད་དེ་ལག་ཏུ་སྤོས་སྣེ་དང་མེ་ཏོག དཀར་གཙང་གི་མཇལ་དར་འཁྱེར་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། དེ་བཞིན་༸གོང་ས་མཆོག་ཕོ་བྲང་དུ་༸ཞབས་སོར་འཁོད་སྐབས་ས་གནས་ཀྱི་རྫོང་དཔོན་དང་ G. O. C དམག་དཔོན་རྣམས་ནས་མཇལ་ཁ་ཞུས་ཡོད།
དེ་རྗེས་གསུང་ཆོས་ར་བའི་བཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་འཁོད་པ་དང་སྦྲགས་དེར་བསྡུས་ལས་བྱེད་དང་དགེ་ལས་སློབ་ཕྲུག་གཞན་ཡང་མི་མང་རྣམས་ལ་འཚམས་འདྲི་གནང་བ་མ་ཟད་བཀའ་སློབ་ཕེབས་དོན། ” དེ་རིང་ང་ཚོ་འདིར་ཟངས་དཀར་དུ་ཁྱེད་ཚོ་དང་ཡང་བསྐྱར་གཅིག་ཐུག་པ་རེད། དེ་སྔོན་ངོས་རང་དེར་ཐེངས་དང་པོ་འབྱོར་སྐབས་དེ་དུས་པོ་ལན་ཌིའི་གདུང་སེམས་མཉམ་སྐྱེ་མང་གཙོའི་ལས་འགུལ་སྤེལ་སྐབས་རེད། དེ་ནས་གསང་འདུས་དབང་སྐབས་གཅིག ད་རེས་ཡང་བསྐྱར་འབྱོར་སྐབས་ཁྱེད་ཚོས་ཁང་པ་གསར་པ་བརྒྱབ་འདུག ངོས་རང་དུས་ཚོད་མང་པོ་སྡོད་ཀྱི་མེད་སྟབས་འཚེར་པོ་འདྲ་ཞིག་བྱུང་། ཁང་པ་ཡིད་འཕྲོག་རྒྱུ་ཞིག་འདུག་མ་འོངས་པར་ཡང་ཡོང་དགོས་བསམ་པ་དྲན་བྱུང་། དེ་རིང་ང་ཚོ་འདིར་འཛོམས་དགོས་རྒྱུ་དེ་ནི་ཁྱེད་རང་ཚོ་ཆོས་ལ་དད་པ་ཆེན་པོ་ཡོད་པ་རེད། ངོས་རང་ལ་མཚོན་ན་བཅོམ་ལྡན་འདས་ཀྱི་རྗེས་འབྲང་དགེ་སློང་དཀྱུས་མ་ཞིག་ཡིན། འོན་ཀྱང་ངོས་ནས་ཡུལ་གྲུ་ག་པར་ཡིན་ཡང་སངས་རྒྱས་ཀྱི་ཆོས་ངོ་སྤྲོད་བྱས་དང་བྱེད་མུས་ཡིན། དེ་འདྲ་ཡིན་དུས་ཁྱེད་རང་ཚོ་རྒྱལ་བ་རིན་པོ་ཆེ་ཐུག་པ་དང་ཆོས་ཉན་རྒྱུ་བྱུང་ན་ཡག་པོ་རེད་བསམ་ནས་ཡོང་གི་ཡོད་པ་རེད། ངོས་རང་ངོས་ནས་ཆ་བཞག་ན་ཡང་ཁྱེད་རང་ཚོར་ངོས་ཀྱི་གདོང་བསྟན། ལག་པ་བཞག་སྟེ་དེས་ཁྱེད་རང་ཚོར་བྱིན་རླབས་ཐོབ་ཀྱི་རེད་བསམ་པའི་ཐོག་ནས་ངོས་ཡོང་མེད། ངོས་ཀྱི་ཡིད་ཆེས་གང་ཡོད་ཟེར་ན་སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་པཎ་གྲུབ་བཅུ་བདུན་གྱིས་གཏན་ལ་ཕབ་པ། ང་ཚོ་བོད་གངས་ཅན་ལྗོངས་ཀྱི་རྩ་རྒྱུད་བླ་མ་བཀའ་དྲིན་ཅན་རྣམས་ཀྱིས་ཆོས་ཞེས་པ་དེ་གང་འདྲ་ཡིན་པ་ང་ཚོར་ངོ་སྤྲོད་གནང་། ཆོས་ཉམས་ལེན་བྱེད་ལུགས་གསུངས་ཡོད་པ་དེ་དག་ངོས་ནས་མང་པོ་ཤེས་ཀྱི་མེད་ཀྱང་། ཕྲན་བུ་ཤེས་པ་དེ་ཁྱེད་རང་ཚོར་ཆོས་ཟེར་བ་དེ་འདི་འདྲ་ཞིག་རེད་ཅེས་ངོ་སྤྲོད་བྱ་རྒྱུ་ཞིག་དང་རྒྱུས་ཡོད་བྱས་ནས་བཤད་རྒྱུ། ཁྱེད་རང་ཚོས་ཡག་པོ་བྱས་ནས་ཉན། དེ་ཉན་པའི་ཐོག་ནས་སོ་སོས་གང་ཐུབ་ཀྱི་ཉམས་ལེན་བྱས། ལག་ལེན་དུ་བཀལ་བ་ཡིན་ན་དངོས་གནས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ངས་ནི་ཁྱེད་ལ་ཐར་པའི་ལམ་བསྟན་ཏེ། །ཐར་པ་རང་ལ་རག་ལས་ཤེས་པར་བགྱིས། ཞེས་ངས་ཐར་ལམ་བསྟན་ཡོད། བླང་དོར་གནས་ཀྱི་ལམ་བསྟན་ཡོད། ཐར་པ་ཐོབ་མ་ཐོབ་ཟེར་རྒྱུ་དེ་ཁྱེད་ཚོའི་རང་ཉིད་ཀྱི་ལག་ལེན་ལ་རག་ལུས་ཡོད། ཅེས་གསུངས་པ་ལྟར་ངོས་ནས་སངས་རྒྱས་ཀྱི་ཆོས་ངོ་སྤྲོད་བྱ་རྒྱུ་དེ་ནི་ངོས་ཀྱི་ལས་འགན་རེད། གཙོ་བོ་ཁྱེད་རང་ཚོའི་ངོས་ནས་སངས་རྒྱས་ཀྱི་ཆོས་ཟེར་བ་དེ་ག་འདྲ་ཞིག་ཡིན་པ་ཤེས་པའི་ཐོག་ནས་ཉམས་ལེན་བྱེད་དགོས་པ་རེད། ཅེས་བཀའ་སྩལ། ཡང་༸གོང་ས་མཆོག་ནས་ཆོས་འབྲེལ་གྱི་ཐོག་མར་སྐྱབས་འགྲོ་སེམས་བསྐྱེད་དང་བསྟུན་ནས་ནང་ཆོས་ཀྱི་སྤྱི་བཤད་བཀའ་དྲིན་སྩལ་དོན། སྲོག་ཆགས་ཕྲ་མོ་ཚུན་ཆད་ནས་སྡུག་བསྔལ་ཡོང་རྒྱུའི་ཉེན་ཁ་ཞིག་བྱུང་ན་དེ་ལས་གཡོལ་རྒྱུ་དང་། བདེ་བ་ཡོང་རྒྱུ་ཞིག་ལ་རྩོལ་བ་བྱེད་ཀྱི་ཡོད། འབུ་སྲིན་ཕྲ་མོ་དེ་དག་མང་ཆེ་བ་སོ་སོ་འཚོ་རྒྱུར་ཟས་འཚོལ་རྒྱུ་མ་གཏོགས་གཞན་དམིགས་བསལ་བྱེད་རྒྱུ་གང་ཡང་མི་འདུག། ཕྲལ་སེལ་གྱི་འཇིགས་པའི་ཉེན་ཁའི་སྡུག་བསྔལ་ཞིག་བྱུང་ནས་དེ་ལས་གཡོལ་རྒྱུ་དང་། སོ་སོ་འཚོ་བ་ཚིམས་པ་ཞིག་ཡོང་རྒྱུར་འབད་བརྩོན་བྱེད་མཁན་འབུ་ཆུང་ཆུང་དེ་ཚོའི་གྲས་འགུལ་བསྐྱོད་རྒྱག་སྐབས་ང་ཚོས་མཛུབ་མོའི་ཐུག་ན་དེ་ཉེན་ཁ་ལྟ་བུ་ཞིག་མཐོང་ནས་ལམ་སེང་དེ་ནས་གཡོལ་ཐབས་བྱེད་ཀྱི་ཡོད་པ་རེད། དེར་བརྟེན་ཚང་མ་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ཤ་སྟག་ཡིན་སྟབས། བདེ་བ་གྲུབ་རྒྱུ་དང་སྡུག་བསྔལ་སེལ་རྒྱུ་ཞིག་ང་ཚོ་ལ་ཐོབ་ཐང་ཡོད་པ་རེད། ཐོབ་ཐང་ཡོད་ཟེར་རྒྱུ་དེ་ལ་རྒྱུ་མཚན་ཞེ་དྲག་ཤོད་རྒྱུ་མེད། རང་བཞིན་གྱི་སྡུག་བསྔལ་མི་འདོད་པ་ཞིག་རེད། དེ་འདྲ་ཡིན་དུས་སྡུག་བསྔལ་སེལ་རྒྱུའི་ཐོབ་ཐང་ཡོད། བདེ་བ་འདོད་པ་ཞིག་ཡིན་དུས་བདེ་བ་གྲུབ་རྒྱུའི་ཐོབ་ཐང་ཡོད་པ་རེད། ཅེས་བཀའ་སློབ་ཟབ་རྒྱས་སྩལ་ཡོད། ”
ད་རེས་༸གོང་ས་མཆོག་གི་བཀའ་ཆོས་ཞུ་བར་ཟངས་དཀར་དུ་ལ་དྭགས་ཀྱི་ས་གནས་མང་པོ་ཞིག་ནས་ཆོས་ཞུ་བ་གྲངས་༢༠༠༠༠ བརྒལ་བ་བཅར་ཡོད་ཁོངས་ཕྱི་རྒྱལ་གྱི་མི་སྣ་ཡང་མང་པོ་མཉམ་ཞུགས་ཞུས་ཡོད་པ་བཅས་ཀྱི་གནས་བསྡུས་སུ།