༢༠༠༩ ཕྱི་ཟླ་ ༧ ཚེས་ ༡༧ རེས་གཟའ་པ་སངས།
༄༅། །མ་ཧཱ་ར་ཤཱེཊ་མངའ་སྡེའི་བོད་མིའི་བདེན་དོན་མཐུན་ཚོགས་ནས་བཏང་འབྱོར་བྱུང་གནས་ནང་འཁོད་དོན། ༢༠༠༩ ཕྱི་ཟླ་ ༧ ཚེས་ ༦ ཉིན་རང་ཅག་ཁ་བ་རི་པ་རྣམས་ཀྱི་མེ་ཏོག་གངས་ལ་ཕོག་པའི་ལྷ་སྐལ་༸རྒྱལ་ཀུན་སྙིང་རྗེའི་རང་གཟུགས་འཕགས་མཆོག་འཇིག་རྟེན་དབང་ཕྱུག་སྡོམ་བརྩོན་འཁོར་བསྒྱུར་གྱི་རྣམ་པར་རོལ་པ་ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་༸གོང་ས་ལྷ་མིའི་རྣམ་འདྲེན་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་དགུང་གྲངས་ ༧༤ ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་ཁྱད་པར་ཅན་གྱི་ཉིན་མོར་གངས་ལྗོངས་འཛིན་མའི་ཁྱོན་དུ་གནས་པའི་རྩམ་ཟན་སྐྱེ་བོ་མཆོག་དམན་མཐའ་དག་དང་། ལྷག་པར་བཙན་བྱོལ་དུ་གནས་པའི་བོད་མི། དེ་བཞིན་དྲང་བདེན་དང་ཞི་བདེར་དགའ་བའི་འཛམ་གླིང་མི་མང་ས་ཡ་མང་པོས་གླིང་ལྔ་མཚོ་བཞི་ཡོངས་སུ་འཁྲུངས་སྐར་རྟེན་འབྲེལ་གྱི་བྱེད་སྒོ་སྣ་ཚོགས་ཤིག་སྤེལ་གྱི་ཡོད་པ་དེ་བཞིན་རྒྱ་གར་བྱང་ཕྱོགས་མ་ཧཱ་ར་ཤཱེཊ་མངའ་སྡེའི་ས་གནས་ན་སིག་ཏུ་སྔ་དྲོ་ཆུ་ཚོད་ ༨ པར་མི་མང་རྣམས་ནས་གནས་ས་སྤན་གྲོ་གླིང་གི་རི་རྩེར་མགོན་པོ་གང་ཉིད་ཀྱི་སྐུ་ཁམས་དང་མཐུན་པའི་རླུང་རྟ་དར་འཛུགས་དང་བསང་གསོལ་གནང་རྗེས་ཆུ་ཚོད་ ༩ པའི་ཐོག་ཁྲོམ་རའི་མདུན་ཐང་དུ་མི་མང་འདུ་འཛོམས་ཀྱིས་རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་ཁ་ཞུས དེ་རྗེས་ཆུ་ཚོད་༡༠ ༣༠ སྐུ་མགྲོན་རྣམས་རིམ་ཕེབས་ཀྱིས་སྐུ་མགྲོན་གཙོ་བོ་སྤྱི་ཁྱབ་ (Mayor Nasik Municipal Cooperation) མཆོག་ནས་སྣང་གསལ་ཞལ་ཕྱེ་དང་། Shri Prakash Ji Lhonde(R.P.I) ཚོགས་གཙོས་སྐུའི་འཁྲུངས་སྐར་དུས་ཆེན་གྱི་སྒོ་ང་བག་ལེབ་ (Cake Cutting) གཏུབ་གནང་བ་དང་བསྟུན་༸གོང་ས་མཆོག་དང་དཔོན་རིགས་ཁག་མཇལ་འཕྲད་གནང་བའི་སྐུ་པར་ཁག་འགྲེམས་སྟོན་གནང་ཡོད་པ་རེད། དེ་ནས་སྐུ་མགྲོན་གཙོ་བོ་རྣམས་ནས་མགོན་པོ་གང་ཉིད་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་སླད་དུ་སྐུ་ཚེ་བསྐལ་བརྒྱར་བརྟན་ཞིང་བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་ལམ་ཡོད་པ་སོགས་ཀྱི་གསུང་བཤད་གནང་རྗེས་མིང་མང་རྣམས་ལ་གཞས་སྣ་ཁག་གཅིག་འཁྲབ་སྟོན་ཞུས་ཏེ་སྔ་དྲོའི་མཛད་སྒོ་གྲ་རྒྱས་ངང་ནས་གྲོལ།
ཉིན་རྒྱབ་ཆུ་ཚོད་ ༡།༣༠ པར་རྒྱ་ནག་གིས་བོད་བཙན་བཟུང་བྱས་ཏེ་བོད་མི་རྣམས་བཙན་བྱོལ་དུ་འབྱོར་ནས་ལོ་ ༥༠ འཁོར་བར་རྒྱ་གར་གཞུང་མང་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཚོགས་པའི་ཐོག་མར་སྐུ་མགྲོན་གཙོ་བོ་ས་གནས་སྤྱི་ཁྱབ་ Shri Vinayak Ji Pande (Mayor of N.M.C) མཆོག་དང་། ས་གནས་ན་སིག་ཚོགས་གཙོ་སྐུ་ཞབས་ Shri Prakash Ji Lhonde མཆོག ས་གནས་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་མཁས་དབང་སྐུ་ཞབས་ Lalit Samnotra མཆོག ས་གནས་ནང་པའི་ཚོགས་གཙོ་ Madam Sheela Tai མཆོག ས་གནས་གཞུང་གི་སྨན་པའི་འགོ་འཛིན་ Dr.Pagne མཆོག་སོགས་རྒྱ་གར་གྱི་དཔོན་རིགས་མང་པོ་ཞིག་སྐུ་མགྲོན་དུ་གདན་ཞུས་ལྟར་བཅར་ཡོད། དེ་ཡང་ཁོང་རྣམས་ནས་བོད་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཡ་རབས་སྤྱོད་བཟང་དང་གོམས་གཤིས་བཟང་པོ་ཡོད་པ་དེ་དག་བརྒྱུད་ནས་རྒྱ་གར་གྱི་ཡུལ་མི་ལྷན་དུ་མཐུན་ལམ་ཡག་པོ་ཡོད་ལ་ད་དུང་གང་ཅིའི་ཐད་ནས་ཡག་པོ་བྱེད་དགོས་ཞེས་དང་། བོད་མི་རྣམས་ཀྱི་དཀའ་ངལ་དེ་དག་ང་ཚོའི་ངོས་ནས་གང་ཐུབ་ཀྱི་སེལ་རྒྱུའི་འདུན་པ་ཡོད་སྐོར་གསུང་བཤད་གནང་རྗེས་ས་གནས་ན་སིག་བོད་མིའི་བདེ་དོན་མཐུན་ཚོགས་ཀྱི་ཚོགས་གཙོ་རྣམ་རྒྱལ་ཕུན་ཚོག་ལགས་ནས་རྒྱ་གར་གཞུང་མང་ཡོངས་ལ་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་བ་དང་ཆབས་ཅིག་གསོལ་ཇ་སོགས་འདེགས་འབུལ་ཞུས་ཡོད་པ་རེད། དེ་ཉིན་གྱི་མཛད་སྒོ་དེ་དག་ས་གནས་དེའི་བརྙན་འཕྲིན་དང་ཚགས་ཤོག་ཁག་ནང་རྒྱ་ཁྱབ་ཏུ་ཐོན་ཡོད་པ་བཅས་སོ།