༢༠༠༩ ཕྱི་ཟླ་ ༧ ཚེས་ ༢༤ རེས་གཟའ་པ་སངས།
ཕྱི་ལོ་ ༢༠༠༩ ཟླ་ ༧ ཚེས་ ༢༣ ཉིན་ར་སོའི་ (EuAsiaNews) ཞེས་པའི་ནང་གནས་ཚུལ་སྤེལ་གསལ་ལྟར་ན། བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བདུན་ཕྲག་རྗེས་མ་པོ་ལན་ཌེའི་རྒྱལ་ས་ཝར་སོར་དུ་ཆིབས་སྒྱུར་བསྐྱང་སྐབས་ཡུལ་དེའི་ཆེས་མཐོའི་མི་སེར་གྱི་མཚན་མཐོང་ཕྱག་འཁྱེར་འབུལ་འཆར་ཡོད་པའི་གནས་ཚུལ་འཁོད་འདུག པོ་ལན་ཌེའི་མི་མང་རྣམས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་མཛད་འཕྲིན་ལ་བསྔགས་བརྗོད་དང་རྗེས་སུ་ཡི་རང་ཞུ་བཞིན་ཡོད་པ་མ་ཟད་འཛམ་གླིང་འདིའི་སྟེང་༸གོང་ས་མཆོག་ནི་གཞན་ལ་ཕན་བདེ་སྐྲུན་མཁན་རླབས་ཆེན་གྱི་མི་སྣ་གྲགས་ཅན་ཞིག་ལ་ངོས་འཛིན་ཞུ་ཡོད་པ་དང་།
དེ་བཞིན་མགོན་པོ་གང་ཉིད་མཆོག་ཡུལ་གྲུ་གང་འདྲ་ཞིག་ཏུ་༸ཞབས་སོར་འཁོད་ཀྱང་ཡུལ་དེའི་ཁོར་ཡུག་སོགས་ལ་ངོ་མཚར་གྱི་རྣམ་པ་བཟང་པོ་བཞད་ནས་དེར་གནས་པའི་མི་མང་རྣམས་ལ་བདེ་སྣང་ཞིག་སྦྱིན་གྱི་ཡོད་པ་པོ་ལན་ཌེའི་ཡུལ་མི་རྣམས་ནས་ངོས་འཛིན་ཞུ་བཞིན་ཡོད་པ་རེད། ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་དང་པོ་ལན་ཌེའི་ཚོང་འབྲེལ་སྲིད་འཛིན་ཟུར་པ་སྐུ་ཞབས་ Lech Walesa མཆོག་གི་གསུང་གསལ། ༸གོང་ས་མཆོག་ལ་པོ་ལན་ཌེའི་མི་སེར་གྱི་ཕྱག་འཁྱེར་འབུལ་རྒྱུ་དེ་ནི་ང་ཚོར་དགའ་སྤོབས་སྐྱེས་འོས་པ་ཞིག་རེད་ཅེས་སྔ་ལོ་ཁོང་གི་གོ་སྒྲིག་ཞུས་པའི་ཚོགས་འདུ་ཞིག་གི་སྟེང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆིབས་སྒྱུར་བསྐྱངས་པའི་སྐབས་སུ་གསུངས་ཡོད། གོང་འཁོད་ཀྱི་ཕྱག་འཁྱེར་དེ་ཕྱི་ལོ་ ༢༠༠༩ ཟླ་ ༧ ཚེས་ ༢༩ ཉིན་པོ་ལན་ཌེའི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་ཕོ་བྲང་ནང་འབུལ་རྒྱུ་ཡིན་པ་དང་། ཕྱག་འཁྱེར་དེ་མ་ཕུལ་བའི་ཉིན་གཅིག་གི་སྔོན་ལ་༸གོང་ས་མཆོག་གིས་ཝར་སོར་མཐོ་སློབ་ཏུ་བཀའ་སློབ་སྩལ་རྒྱུ་ཡིན་འདུག
དབྱིན་ཡུལ་དུ་གནས་སྡོད་པོ་ལན་ཌེའི་སྐུ་ཚབ་ཟུར་པ་ལྕམ་སྐུ་ Jayanti de Varion ལགས་ནས་གསུང་གསལ། འཛམ་གླིང་འདིའི་སྟེང་བླ་ན་མེད་པའི་དཔོན་རིགས་གཉིས་ཡོད་པ་ནི། ནེལ་སན་མན་ཌེ་ལ་ Nelson Mandela དང་བོད་མིའི་༸སྐྱབས་མགོན་ཏཱ་ལ་མ་མཆོག་རེད་ཅེས་དང་། ཡང་ཁོང་ནས་གསུང་དོན། པོ་ལན་ཌེ་རུ་ནེལ་སན་མན་ཌེ་ལ Nelson Mandela ད་བར་གདན་འདྲེན་ཞུ་ཐུབ་མེད་ཀྱང་བོད་མིའི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གདན་ཞུས་ཀྱིས་ཞལ་མཇལ་ཞུ་རྒྱུའི་སྐལ་བཟང་ཐོབ་པ་ཧ་ཅང་དགའ་པོ་བྱུང་བ་སོགས་གསུངས་ཡོད་པའི་གནས་བསྡུས་སུ།།