༢༠༠༩ ཕྱི་ཟླ་ ༦ ཚེས་ ༡༡ རེས་གཟའ་ཕུར་བུ།
༄༅། །བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ ༢༠༠༩ ཕྱི་ཟླ་ ༦ ཚེས་ ༧ ཉིན་ཕ་རན་སིའི་རྒྱལ་ས་པཱ་རི་སེའི་གྷ་རན་ཌེ་མགྲོན་ཁང་ནང་ཕ་རན་སིར་གནས་སྡོད་བོད་རིགས་དང་། སོག་པོ། ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་འབྲུག་པ་དང་། ལ་དྭགས། ཤར་པ་སོགས་མི་གྲངས་ ༨༠༠ ལྷག་ཙམ་ལ་མཇལ་ཁ་དང་བཀའ་སློབ་བཀའ་དྲིན་སྩལ་དོན། རྒྱ་ནག་གཞུང་གིས་བོད་མི་ཚོར་ག་ཚོད་ཀྱིས་དྲག་གནོན་བྱས་པ་དེའི་ཚོད་ཀྱི་བོད་མིའི་སེམས་ནང་གང་འདྲ་ཞིག་ཆགས་ཀྱི་ཡོད་མེད་བསམ་བློ་གཏོང་གི་མེད། ཉེ་ལམ་ངོས་ཨ་རིར་བསྐྱོད་སྐབས་བོད་ནས་ཡོང་བའི་མི་མང་པོ་ཞིག་ཐུག་བྱུང་། ཁོང་ཚོའི་ནང་ནས་གཅིག་གིས་ངོས་ལ། ༸རྒྱལ་བ་རིན་པོ་ཆེ་ཐུགས་ཁྲལ་རྩ་བ་ནས་མ་གནང་རོགས་གནང་ང་ཚོ་བོད་ནང་ཡོད་པའི་རྒྱ་ཆེའི་མི་མང་དེ་དག་ལ་ཇི་ཙམ་གྱིས་རྒྱ་མིས་དྲག་རྩབ་ཆེ་བ་བྱས་པ་དེ་ཙམ་གྱིས་སྙིང་སྟོབས་བརྟན་དུ་འགྲོ་གི་ཡོད། གཙོ་བོ་༸རྒྱལ་བ་རིན་པོ་ཆེ་སྐུའི་འཕྲོད་བཞེས་ལ་ཐུགས་ཅག་གནང་རོགས། ཞེས་བཤད་བྱུང་། སེམས་སྐྱོ་པོ་ཞེ་དྲག་མ་རེད་དམ། དངོས་སུ་དགྲའི་ལག་འོག་ཏུ་སྡོད་མཁན་དེ་དག་གིས་སེམས་ཤུགས་འདི་ལྟ་བུ་འཁྱེར་ནས་སྡོད་ཀྱི་ཡོད་པ་རེད། ངོས་རང་ཏོག་ཙམ་ཧ་ལས་བྱུང་། དེ་བཞིན་བོད་ནས་ཡོང་བ་ཁག་གཅིག་གིས་བསྡོམས་བརྒྱབ་སྟེ་ངོས་ལ་བརྗོད་དོན། སྔ་ལོའི་དོན་རྐྱེན་དེས་རྐྱེན་པས་ང་ཚོས་ཁེ་གྱོང་ཡང་ལྕི་བཀྱགས་པ་ཡིན་ན་ཕལ་ཆེར་ང་ཚོར་ཁེ་རགས་འདུག ཅེས་བརྗོད་ཀྱི་འདུག བོད་ཆོལ་ཁ་གསུམ་ཡོངས་སུ་རྫོགས་པར་བོད་རིགས་གཅིག་གྱུར་གྱི་འདུ་ཤེས་གསལ་པོ་ཞེ་དྲག་སླེབས་ནས་ཚང་མ་རྡོག་རྩ་གཅིག་སྒྲིལ་གྱིས་རབ་བྱུང་ཕོ་མོ་དང་། མང་ཚོགས། ལྷག་པར་སློབ་ཕྲུག་དང་ཕྲུ་གུ་ལོ་བདུན་བརྒྱད་ཡིན་པ་དེ་དག་ལའང་མི་རིགས་གཅིག་པའི་ལྟ་བ་ཞིག་སླེབས་ནས་རྒྱ་མི་མེ་མདའ་འཁྱེར་བ་ཞིག་མཐོང་སྐབས་ལམ་སེང་མི་དགའ་བ་བྱེད་རྒྱུས་མཚོན་ཐ་ན་ཕྲུ་གུ་ཆུང་ཆུང་ཚོ་ཡང་དེ་འདྲ་ཞིག་ཆགས་འདུག དེ་བཞིན་ལས་བྱེད་པ་བྱས་ནས་གང་འཚམ་གྱི་གོ་ས་མཐོ་སར་སླེབས་པ་ནམ་རྒྱུན་དུ་རྒྱ་མིའི་མཉམ་དུ་ལས་ཀ་བྱས་ནས་སྡོད་མཁན་དེ་དག་ཀྱང་སེམས་ནང་མི་བདེ་བ་ཞིག་ཆགས། རྒྱ་མིའི་ངོས་ནས་ཀྱང་བོད་རིགས་ཤིག་ཡིན་ཕྱིན་ཆད་དོགས་པ་བྱ་ཡུལ་ཞིག་ཆགས། སྔོན་མ་ཁྲན་ཀུན་ཡན་གྱིས་ལྷ་སར། བོད་རིགས་ཏང་ཡོན་ཚོའི་ནང་བློ་ཁེལ་ཐུབ་པའི་མི་གཉིས་མ་གཏོགས་མེད་ཅེས་ལྷ་སར་བཤད་མྱོངས་ཡོད་པ་རེད། དེ་གཉིས་ནི་རག་སྡིག་དང་རྒྱལ་མཚན་ནོར་བུ་བཅས་གཉིས་རེད། ང་ཚོས་གནས་ཚུལ་གོ་བ་དང་འབྱོར་བར་གཞིགས་ན། རག་སྡིག་དང་རྒྱལ་མཚན་ནོར་བུ་གཉིས་ཀྱང་སེམས་གཏིང་ནས་བོད་རིགས་ལ་ཞེན་ཁོག་ཡོད་པ་ལྟ་བུ་འདུག དེར་བརྟེན་མི་གཉིས་པོ་དེ་ལའང་བློ་ཁེལ་རྒྱུ་མེད་པ་ཆགས་ཡོད། དེ་འདྲ་ཡིན་དུས་བློ་ཁེལ་སའི་བོད་རིགས་གཅིག་ཀྱང་མེད་པ་རེད། ལྷག་པར་དུ་ཉེ་ཆར་བོད་རིགས་ཡོངས་ལ་རྒྱ་མིས་དོགས་པ་བྱེད་དུས་བོད་པོ་ཚོས་ཀྱང་རྒྱ་རིགས་ཤིག་ཡིན་ཕྱིན་ཆད་སེམས་ནང་མི་དགའ་བྱ་རྒྱུ་སོགས་ཡོང་གི་ཡོད་པ་རེད། ཅེས་བཀའ་སྩལ་ཡོད།
ཡང་༸གོང་ས་མཆོག་ནས། སྔ་ལོའི་དོན་རྐྱེན་དེར་ང་ཚོས་ཕྱོགས་བསྡོམས་ཤིག་བྱས་པ་ཡིན་ན་ད་ལྟའི་ཆར་ཐག་བཅད་ནས་བརྗོད་རྒྱུ་ཁག་པོ་རེད། འོན་ཀྱང་རོབ་རྩིས་བྱས་པ་ཡིན་ན་བོད་ནང་ལ་དཀའ་ངལ་ཞེ་དྲག་མྱངས་སོང་། ཞེས་བརྗོད་ཀྱི་འདུག་ལ། ངོས་ནས་ཀྱང་ཤོད་ཀྱི་ཡོད། ཉེ་ཆར་བོད་ནས་ཡོང་པའི་བོད་རིགས་ཨ་མདོ་ཁུལ་ནས་ཡིན་པ་དང་ཁམས་ཁུལ་ནས་ཡིན་པ་ཁག་གཅིག་ཐུག་བྱུང་། དེ་དག་གིས་སྡུག་སྐད་ཞེ་དྲག་བརྒྱབ་སྟེ་སྨོན་ལམ་དང་སྐྱབས་འཇུག་གནང་རོགས་ཞེས་བརྗོད་ཀྱི་འདུག སྐབས་དེར་ངོས་ཀྱིས་ཁོ་ཚོར། ང་ཚོ་བོད་ནང་གི་བོད་རིགས་དཀའ་སྡུག་མྱོང་མཁན་དེ་དག་ཕྱོགས་གཅིག་ནས་ང་ཚོའི་མི་རིགས་ཀྱི་ཆེད་དུ་རེད། ང་ཚོའི་མི་རིགས་ཀྱི་དོན་ནི་སངས་རྒྱས་ཀྱི་བསྟན་པ་དང་འབྲེལ་བ་ཞིག་ཆགས་ཡོད། དཔེར་ན་སྔ་ལོའི་ངོ་རྒོལ་གྱི་རྐྱེན་རྩ་གཅིག་ནི་རྒྱ་གཞུང་ནས་ཆོས་ལ་ངོ་རྒོལ་བྱས་པའི་རྐྱེན་གྱིས་མི་མང་པོའི་བློར་མི་རང་བ་བྱུང་བ་རེད། གང་ལྟར་ཆོས་ལ་སྐྱོན་བརྗོད་བྱས་པ་དེས་ཡི་མ་རང་པ་ཞིག་ཡོང་གི་ཡོད་པ་རེད། དེར་བརྟེན་བོད་ནང་དུ་རང་སྲོག་བློས་བཏང་གི་ལས་ཀ་བྱེད་མཁན་དེ་དག་མཐར་གཏུགས་ན་སངས་རྒྱས་ཀྱི་ཆོས་ལ་ཞེན་ཁོག་བྱས་ནས་བྱུང་བ་ཞིག་རེད། དེར་བརྟེན་སྐྱབས་འགྲོའི་བསླླབ་བྱའི་ནང་སངས་རྒྱས་པའི་ཆོས་པ་སྐྱབས་འགྲོ་བྱེད་མཁན་ཞིག་གི་སྲོག་གམ་བཞད་གད་ཀྱིས་ཕྱིན་ཡང་མི་ཕོངས་བ་ཞེས་པའི་བསླབ་བྱ་ཞིག་ཡོད་པ་རེད། དེར་བརྟེན་ཁོང་ཚོས་སྲོག་བློས་གཏོང་དགོས་བྱུང་ཡང་སྐྱབས་འགྲོ་བློས་མི་གཏོང་བར་བསྡད་ཡོད་པ་རེད། རང་ཉིད་ཀྱི་སྲོག་ཀྱང་ནང་པ་སངས་རྒྱས་ཀྱི་ཆོས་ཀྱི་དོན་ལ་བློས་བཏང་བ་རེད། སྐྱབས་འགྲོའི་བསླབ་བྱའི་ནང་ཡོད་པ་བཞིན་སྲོག་གམ་བཞད་གད་ཀྱི་ཕྱིན་ཡང་མི་ཕོངས་པ་ཞེས་པ་དེ་ཏག་ཏག་ལག་ལེན་ཐོག་འགྲོ་གི་ཡོད་པ་རེད། དོན་དངོས་ཐོག་ཆོས་རྒྱ་ཆེན་པོ་ཞིག་ཤེས་ཀྱི་ཡོད་རུང་མེད་རུང་སངས་རྒྱས་ཀྱི་བསྟན་པ་ལ་དགའ་ཞེན་བྱས་ཏེ་དཀའ་ངལ་གདོང་ལེན་བྱས་པ་རེད། དེ་འདྲའི་ཐོག་འདས་གྲོངས་སུ་ཕྱིན་པ་རྣམས་ཕལ་ཆེའི་བསོད་ནམས་བསགས་ཡོད་པ་རེད་ཅེས་བརྗོད་རྒྱུ་བྱུང་། གང་ལྟར་ང་ཚོས་དཀའ་ངལ་མང་པོ་ཞིག་མྱངས་པ་དེ་མྱངས་དགོས་ཆོད་པ་བྱུང་བ་རེད། བོད་ནང་གི་བོད་མི་ཚོས་དེ་ལྟ་བུའི་དཀའ་ངལ་ཞིག་མྱངས་དང་མྱོང་མོས་སྐབས་འཛམ་གླིང་ཁྱོན་ཡོངས་ནས་སྔར་མེད་ཀྱི་དོ་སྣང་དང་རྒྱབ་སྐྱོར་བྱུང་བ་མ་ཟད། རྒྱ་མི་རིགས་ཀྱི་ངོས་ནས་ཀྱང་རྒྱབ་སྐྱོར་གནང་མཁན་མང་དུ་འགྲོ་གི་ཡོད་པ་རེད། མདོར་བསྡུས་ན་བོད་དོན་ནག་བསུབ་གཏོང་ཐུབ་ཐབས་མེད་པའི་རྨང་གཞི་གཏན་དུ་སོང་ཡོད། ཅེས་བཀའ་སློབ་སྩལ་ཡོད།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཡུ་རོབ་ཀྱི་རྒྱལ་ཁབ་བཞིའི་ནང་མཛད་འཕྲིན་ཁག་ལེགས་པར་གྲུབ་ནས་ཕྱི་ཟླ་ ༦ ཚེས་ ༨ ཉིན་རྒྱ་གར་ལ་ཆིབས་ཞལ་བསྒྱུར་ཡོད་པའི་གནས་བསྡུས་སུ།།