༢༠༠༩ ཕྱི་ཟླ་ ༦ ཚེས་ ༥ རེས་གཟའ་པ་སངས།
༄༅། །༢༠༠༩ ཕྱི་ཟླ་ ༦ ཚེས་ ༥ རེས་གཟའ་པ་སངས་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། ནི་དྷར་ལན་ཌེ་སིའི་ཕྱི་སྲིད་བློན་ཆེན་མཆོག ཡེ་ཤུའི་རྣམ་དག་ཆོས་ལུགས་དང་། ཡེ་ཤུའི་ཆོས་ལུགས་གསར་མ། གཞན་ཡང་ཇེའུ་ཆོས་ལུགས་བཅས་ཀྱི་དབུ་ཁྲིད་རྣམ་དང་སྐྱེ་བོ་དམ་པ་ཧཱ་གིའུ་ཇེམ་སེ་ཡི་ (Hague’s St James Church) ལྷ་ཁང་དུ་མཇལ་མོལ་གྲུབ་རྗེས་ནི་དྷར་ལན་ཌེ་སིའི་རྒྱལ་ཡོངས་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ནས་གདན་ཞུའི་གསོལ་འདེབས་ཞུས་པ་བཞིན་༸གོང་ས་མཆོག་ནི་དྷར་ལེན་ཌེ་སིའི་རྒྱལ་ཡོངས་གྲོས་ཚོགས་སུ་ཆིབས་སྒྱུར་བསྐྱངས་ཡོད།སྐབས་དེར་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་ན་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་དང་། གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་འཐུས་མི་རྣམས་དང་མཇལ་མོལ་གནང་སྟེ་གྲོས་ཚོགས་ཀྱི་འཐུས་མི་རྣམས་ལ་བཀའ་སློབ་ཕེབས་དོན། རྒྱལ་སྤྱིའི་སྤྱི་ཚོགས་ནས་རང་དབང་ཅན་གྱི་དཔྱད་ཞིབ་པའི་ཚོགས་པ་ཞིག་གསར་འཛུགས་ཀྱིས་བོད་ནང་གི་གནས་སྟངས་དངོས་ལ་རྟོག་ཞིབ་གནང་སྟེ་རྒྱ་ནག་ལ་གནོན་ཤུགས་དང་སྦྲགས་བོད་ནང་གི་དྲག་གནོན་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུས་གནང་ཡོད་པ་རེད། གྲོས་ཚོགས་སུ་ཆིབས་སྒྱུར་བསྐྱངས་སྐབས་མང་ཚོགས་དང་གསར་འགོད་པ་མང་མོ་ཞིག་བཅར་ཡོད་སྟབས་གསར་འགོད་ལྷན་ཚོགས་ཤིག་ཀྱང་བསྐྱངས་གནང་ཡོད།
དེ་ཉིན་ཕྱེད་ཡོལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་མཛམ་གླིང་དབུ་ཁྲིད་རྣམ་པའི་མཛད་འགན་ཞེས་པའི་བརྗོད་གཞིའི་ཐོག་མཁས་པའི་བགྲོ་གླེང་ཞིག་གི་ཐོག་དབུ་བཞུགས་གནང་ཡོད་པ་མ་ཟད། ཆུའི་གལ་གནད་དང་འབྲེལ་བའི་ཁོར་ཡུག་གི་ལྷན་ཚོགས་ཤིག་ཏུའང་ལྷན་ཞུགས་གནང་ཡོད་པ་རེད།
དེ་ཉིན་ཕྱི་དྲོ་བོད་ཀྱི་མཚན་མོ་ཞེས་པའི་བོད་ཀྱི་རོལ་དབྱངས་ཀྱི་འདུ་འཛོམས་ཤིག་དབུ་འབྱེད་བཀའ་དྲིན་བསྐྱངས་ཏེ་གཞོན་སྐྱེས་སྟོང་ཕྲག་མང་པོའི་འདུ་འཛོམས་གནང་ཡོད་པ་དེའི་ཐོག་བཀའ་སློབ་ཀྱང་སྩལ་ཡོད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ནི་དྷར་ལན་ཌེ་སི་ཁུལ་གྱི་མཛད་འཆར་ཁག་ལེགས་པར་གྲུབ་མཚམས་ཕྱི་ཟླ་ ༦ ཚེས་ ༦ ཉིན་སྟོན་འཁོར་དང་བཅས་ནི་དྷ་ལན་ཌེ་སི་ནས་ཕ་རན་སིར་ཆིབས་ཞལ་བསྒྱུར་པ་བཅས།