༢༠༠༩ ཕྱི་ཟླ་ ༦ ཚེས་ ༢༩ རེས་གཟའ་ཟླ་བ།
བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་ཟུར་པ་ཚེེ་འདས་རྒྱ་མཚོ་ཚེ་རིང་ལགས་ནི་ཕྱི་ལོ་ ༡༩༣༦ ལོར་འབྲས་ལྗོངས་སུ་ཡབ་བློ་བཟང་བླ་མ་དང་། ཡུམ་ཉི་མ་སྒྲོལ་མ་གཉིས་ཀྱི་སྲས་སུ་འཁྲུངས། ཀ་ལི་ཀ་ཏ་ཆེས་མཐོའི་སློབ་གྲྭ་ནས་སྦི་ཨེ་དམིགས་བསལ་གྱི་སློབ་གཉེར་གནང་། ཐོག་མར་སྐུའི་གཅེན་མོ་ལྷ་སྐུ་དམ་པ་ཚེ་རིང་སྒྲོལ་མ་མཆོག་ནས་བོད་གཞུང་གི་ཞབས་ཞུར་བཅར་དགོས་ཀྱི་འབོད་སྐུལ་གནང་བ་ལྟར་སྐབས་དེར་བོད་གཞུང་སྐུ་ངལ་ཆེ་སྐབས་ལ་བརྟེན་ཁོང་ནས་དགོངས་པ་ཆེ་བཞེས་ཀྱིས་བོད་གཞུང་གི་ཞབས་ཞུར་བཅར། ཁོང་ནས་རྒྱ་གར་དབུས་གཞུང་གི་ནང་སྲིད་ལས་ཁུངས་སུ་ལས་བྱེད་རིམ་པ་དང་པོའི་ཕྱག་ལས་གནང་མྱོང་ཡོད། ༡༩༦༣ ལོར་བོད་གཞུང་གི་ཞབས་ཞུའི་ཁོངས་སུ་བཅར། ཕྱི་ལོ་ ༡༩༦༥ ལོར་བོད་གཞུང་རྩོམ་བསྒྱུར་ཁང་གི་དབྱིན་དྲུང་དང་། ལོ་དེའི་ནང་༸གོང་ས་མཆོག་གིས་བཀའ་འབྲེལ་ལྟར་ལྡི་ལི་བོད་ཁང་དུ་སྐུ་གསུང་ཐུགས་རྟེན་ཁག་གི་ལོ་རྒྱུས་འགྲེལ་བཤད་དབྱིན་ཡིག་ཐོག་བཟོ་འགོད་གནང་། ཕྱི་ལོ་ ༡༩༦༦ ལོར་བོད་གཞུང་ཕྱི་སྲིད་ཁང་གི་དབྱིན་དྲུང་གི་ལས་ཁུར་གནང་། ༡༩༦༧ ལོར་ཆོས་དོན་ལྷན་ཁང་དུ་དབྱིན་དྲུང་གནང་བ་དང་། ལོ་དེའི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་དང་།
ཐའི་ལན་ཌིར་ཆིབས་སྒྱུར་བསྐྱངས་སྐབས་གསུང་བསྒྱུར་དང་། གལ་ཆེའི་བཀའ་སློབ་ཁག་ཡིག་ཐོག་ཏུ་འགོད་འབེབས་ཞུ་རྒྱུ་བཅས་ཆིབས་ཞབས་སུ་བཅར། དེ་རྗེས་ཆོས་དོན་ལྷན་ཁང་དུ་རིག་གཞུང་གི་དྲུང་ཆེའི་མཚན་ཐོག་ཆོས་དོན་དྲུང་ཆེར་གནས་སྤར་གནང་། དེ་ནས་བཀའ་བློན་གྱི་ཕྱག་རོགས་སུ་བསྐོ་གཞག་གནང་ཡང་། ཕྱི་ལོ་ ༡༩༦༩ ལོར་ལས་བྱེད་ཁུ་བསྡུ་གནང་སྐབས་བཀའ་བློན་གྱི་ཕྱག་རོགས་རྣམས་དྲུང་ཆེའི་མཚན་གནས་སུ་འཇོག་གནང་མཛད་པ་བཞིན་ཆོས་དོན་ལྷན་ཁང་གི་དྲུང་ཆེའི་ལས་ཁུར་གནང་། ༡༩༦༥ ནས་ ༡༩༧༠ བར་སྐུ་སྒེར་ཡིག་ཚང་དུ་ཆོས་སྲིད་གཉིས་ཕྱོགས་ཀྱི་གལ་ཆེའི་ཡིག་ཆ་དབྱིན་ཐོག་འབྲི་འགོད་སོགས་ཀྱི་འགན་ཁུར་རྐང་ལེན་གནང་། ༡༩༧༢ ལོར་དཔེ་མཛོད་ཁང་དངོས་སུ་ཚུགས་སྐབས་ཆོས་དོན་ལྷན་ཁང་གི་རིག་གཞུང་དྲུང་ཆེའི་མཚན་གནས་ཐོག་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་ལས་ཚབ་ཏུ་བསྐོ་གཞག་དང་། ཕྱི་ལོ་ ༡༩༧༤ ཟླ་ ༣ ནང་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་ངོ་མར་བསྐོ་གཞག་གནང་། ཕྱི་ལོ་༡༩༩༠ ལོ་ཙམ་བར་ལྷག་བསམ་རྣམ་དག་གིས་བོད་གཞུང་གི་སྲི་ཞུའི་ལས་དོན་ལ་འགན་ཁུར་ཧུར་སྐྱེད་གནང་ཡོད། འོན་ཀྱང་ཡིད་སྐྱོ་དགོས་པ་ཞིག་ལ་ ༢༠༠༩ ཕྱི་ཟླ་ ༦ ཚེས་ ༢༥ ཉིན་དགུང་གྲངས་ ༧༣ ཐོག་ཨ་རིའི་གྲོང་ཁྱེར་ (Minneapolis) སྨན་ཁང་དུ་དགོངས་པ་རྫོགས་པའི་གནས་ཚུལ་རང་གཞུང་བཀའ་ཤག་ཀྱིས་ཐོས་འཕྲལ་དེ་ཉིན་དབུས་ལས་ཁུངས་ཁག་གི་སྲི་ཞུ་བས་ཁོང་ལ་མྱ་ངན་མཚོན་ཆེད་དུ་ཆུ་ཚོད་ ༣།༣༠ ནས་ ༤ བར་ལས་བྱེད་གསོལ་ཚིགས་ཁང་གི་ཡང་སྟེང་ཚོགས་ཁང་དུ་དཔལ་ལྡན་བཀའ་བློན་ཁྲི་ཚབ་ཆོས་རིག་བཀའ་བློན་དབུ་བཞུགས་ཀྱིས་དམ་པ་ཁོང་གི་ལོ་རྒྱུས་སྙིང་བསྡུས་ངོ་སྤྲོད་གྲུབ་མཚམས་མྱ་ངན་གུས་འདུད་སྐར་མ་གཅིག་གནང་བསྟུན་ཆུ་ཚོད་ ༤ བར་གསོལ་འདེབས་སྨོན་ལམ་དང་དེ་ནས་མྱ་ངན་གུས་འདུད་མཚོན་སླད་དབུས་ལས་ཁུངས་ཁག་སྒོ་བརྒྱབ་པ་བཅས་ཀྱི་གནས་བསྡུས་སུ།