༢༠༠༩ ཕྱི་ཟླ་ ༦ ཚེས་ ༢༣ རེས་གཟའ་མིག་དམར།
༄༅། །བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་དང་། བོད་ཀྱི་བུད་མེད་ལྷན་ཚོགས། བོད་རང་བཙན་སློབ་ཕྲུག་ཚོགས་པ། གསར་འགོད་པའི་འབྲེལ་མཐུད་ཕ་ཡུལ་དྲ་རྒྱ། བསྟན་ནོར་དྲ་རྒྱ་བཅས་ལྔས་ ༢༠༠༩ ཕྱི་ཟླ་ ༦ ཚེས་ ༢༠ ཕྱེད་ཡོལ་ཆུ་ཚོད་བཞི་པའི་ཐོག་བོད་གཞུང་ཟློས་གར་ཚོགས་ཁང་དུ་འབྱུང་འགྱུར་གྱི་བཀའ་བློན་ཁྲི་པའི་འོས་འདེམས་སྐོར་ལ་བགྲོ་གླེང་ཞིག་སྐོང་ཚོགས་བྱས་ཡོད།
བགྲོ་གླེང་གི་སྐུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་། བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་རྣམ་གཉིས་གདན་ཞུས་ཀྱིས་མི་མང་འདུ་འཛོམས་སར་ཕེབས་རྗེས་བགྲོ་གླེང་སྟངས་འཛིན་པ་བཀྲ་ཤིས་དབང་ཕྱུག་ལགས་ནས་ཁོང་རྣམ་གཉིས་ཀྱི་ལོ་རྒྱུས་མདོར་བསྡུས་ཤིག་གནང་གྲུབ་མཚམས་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོ་ངག་དབང་འོད་འབར་ལགས་ནས་ཚོགས་པ་ལྔའི་ཚབ་ཞུས་ཏེ་བགྲོ་གླེང་གི་ལས་རིམ་དང་འབྲེལ་བའི་གཏམ་བཤད་སྤེལ་གསལ། དེ་རིང་ང་ཚོས་བགྲོ་གླེང་ཚོགས་དགོས་པའི་དམིགས་ཡུལ་ནི་ཕྱི་ལོ་ ༢༠༡༡ ལོའི་བཀའ་བློན་ཁྲི་པའི་འོས་འདེམས་སྐོར་ལ་སྦྱང་བཤད་ཞུ་རྒྱུ་ཡིན། ད་ལྟའི་ཆར་བཙན་བྱོལ་སྤྱི་ཚོགས་ནང་རང་ལོ་ ༣༥ མན་གྱི་གཞོན་སྐྱེས་བརྒྱ་ཆ་བདུན་ཅུ་དོན་ལྔ་ཙམ་ཆགས་ཡོང་གི་ཡོད་སྟབས་འབྱུང་འགྱུར་གྱི་བཀའ་བློན་ཁྲི་པའི་འོས་འདེམས་ཐོག་གཞོན་སྐྱེས་ཚོས་འགན་ཁུར་གཙོ་བོ་ལེན་ཏེ་༸གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་གི་ཐུགས་རེ་བསྒྲུབ་རྒྱུའི་ཆེད་དུ་བཀའ་བློན་ཁྲི་པའི་འོས་འདེམས་མ་ནོར་བ་ཞིག་དང་མ་ལན་མ་འགྱོད་པ་གཅིག་འདེམས་དགོས་ཞེས་སོགས་ཀྱི་གཏམ་བཤད་སྤེལ་ཡོད།
དེ་རྗེས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ནས་བཀའ་བློན་ཁྲི་པའི་འོས་ཤོག་དང་། གཞོན་སྐྱེས་ཚོའི་ལས་འགན་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་སྤེལ་དོན། དེ་རིང་འདིར་སྐབས་བཅུ་བཞི་པའི་བཀའ་བློན་ཁྲི་པའི་འོས་བསྡུ་དང་འབྲེལ་བའི་ཐོག་ནས་གཞུང་འབྲེལ་མ་ཡིན་པའི་ཚན་པ་ལྔས་གྲ་སྒྲིག་གནང་བའི་འདུ་འཛོམས་ཐོག་ཕེབས་པའི་དཔལ་ལྡན་བཀའ་བློན་ཁྲི་པ་རིན་པོ་ཆེ་མཆོག་དང་། སེར་སྐྱ་མི་མང་རྣམས་ལ་ངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། བཅའ་ཁྲིམས་དོན་ཚན་ ༢༠ ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་འོག་བོད་གཞུང་གི་ཆབ་སྲིད་ཀྱི་ལས་དོན་འགན་ཁུར་རྐང་ལེན་བྱེད་པོ་བཀའ་ཤག་ལྷན་ཚོགས་དང་། དེའི་བཀོད་འདོམས་བཀའ་བློན་ཁྲི་པ་ཞིག་དགོས་སྐོར་གསལ་བ་བཞིན། བཀའ་བློན་ཁྲི་པའི་ལས་གནས་འདི་ད་ལྟ་ང་ཚོའི་ཆབ་སྲིད་ཀྱི་གནས་སྟངས་དང་བཙན་བྱོལ་བོད་གཞུང་གི་འགྲོ་སྟངས་སོགས་གང་ཅིའི་ཐད་གལ་འགངས་ཆེ་བའི་ལས་གནས་ཤིག་ཆགས་ཡོད། དེར་བརྟེན་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་ནས་གལ་འགངས་ཆེ་བའི་ལས་གནས་ཤིག་ཡིན་པར་གཟིགས་རྟོགས་བྱུང་སྟེ་བགྲོ་གླེང་གོ་སྒྲིག་ཞུས་ཡོད་པ་རེད། ངས་དུས་རྟག་ཏུ་ཤོད་བཞིན་ཡོད། མང་གཙོའི་འཕེལ་རིམ་གྱི་ཐོག་ནས་ལེའུ་གསུམ་དུ་དབྱེ་ན། ༡༩༦༠ ནས་ ༡༩༩༠ བར་རིམ་པ་དང་པོ་དང་། ༡༩༩༡ ནས་ ༢༠༠༡ བར་རིམ་པ་གཉིས་པ། གསུམ་པ་དེ་ ༢༠༠༡ ནས་བརྩིས་ཏེ་རིམ་པ་གསུམ་ལ་དབྱེ་བའི་ཐོག་ནས་འགྲེལ་བཤད་རྒྱག་གི་ཡོད། ལྷག་པར་དུ་ ༢༠༠༡ ལོ་ནས་བཀའ་བློན་ཁྲི་པ་མི་མང་གིས་ཐད་ཀར་འོས་འདེམས་བྱས་པ་ནི་མང་གཙོའི་འཕེལ་རིམ་གྱི་ཐོག་ནས་གནད་འགག་ཆེ་ཤོས་ཤིག་ཆགས་ཡོད། བཙན་བྱོལ་སྤྱི་ཚོགས་ནང་མི་རབས་ཤིག་འགྱུར་བ་ཐེབས་འགྲོ་གི་ཡོད། ང་ལྟ་བུར་མཚོན་ན་རྒྱ་གར་ནང་འཚར་ལོངས་བྱུང་བའི་བུ་ཕྲུག་གཅིག་གིས་ད་ཆ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོའི་འགན་ཁུར་བྱེད་དགོས་པའི་དུས་ཚོད་ཅིག་ལ་སླེབས་ཡོད། ཅེས་དང་། མི་རབས་བརྗེ་པོ་རྒྱག་སྐབས་གཞོན་སྐྱེས་ཚོས་བོད་པའི་རྩ་དོན་ཐོག་འགན་ཁུར་བྱེད་དགོས་པ་དང་། དེ་བཞིན་བཀའ་བློན་ཁྲི་པའི་འོས་བསྡུ་དང་འབྲེལ་བའི་ཐོག་ནས་ཐད་ཀར་ཞུས་ན། མང་གཙོའི་འཕེལ་རིམ་ཐོག་ནས་ཐོག་མའི་ལོ་སུམ་ཅུའི་ནང་ང་ཚོས་འདོད་མོས་བཞིན་འགྱུར་བ་དེ་ཙམ་འགྲོ་ཐུབ་མེད་ལ། ༸གོང་ས་མཆོག་གི་ཐུགས་དགོངས་བཞིན་བསྒྱུར་བ་ཡང་གཏོང་ཐུབ་མེད་པ་མ་ཟད། ཕྱིས་སུ་མང་གཙོའི་འཕེལ་རིམ་གྱི་ཐོག་ནས་འགྱུར་བ་གང་ཕྱིན་པ་དེ་དག་༸གོང་ས་མཆོག་ནས་ཐད་ཀར་བཀའ་སློབ་གནང་བ་ཤ་སྟག་གི་ཐོག་ནས་བསྒྱུར་བ་བཏང་བ་མ་གཏོགས། ང་རང་ཚོས་བསམ་བློ་བཏང་སྟེ་མང་གཙོའི་འཕེལ་རིམ་ཐོག་ནས་བསྒྱུར་བ་དེ་འདྲ་གཏོང་དགོས་ཀྱི་འདུག་བསམས་ཏེ་བསྒྱུར་བ་ཕྱིན་པ་རྩ་བ་ནས་ཡོང་གི་མེད། ད་ལྟ་ཡིན་ནའང་༸གོང་ས་མཆོག་ནས་བཀའ་སློབ་ཕེབས་བའི་ནང་། མ་འོངས་བཀའ་བློན་ཁྲི་པ་དེ་གཞོན་སྐྱེས་གཅིག་དང་། དེའི་ནང་ནས་ལྷག་པར་དུ་བུད་མེད་ཅིག་བྱུང་བ་ཡིན་ན་ཡག་པོ་ཡོང་གི་རེད་ཅེས་བཀའ་སློབ་ཕེབས་ཡོད་པ་སོགས་འགྲེལ་བརྗོད་གནང་ཡོད།
དེ་ནས་དཔལ་ལྡན་བཀའ་བློན་ཁྲི་པ་མི་རྗེ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ནས་ཛ་དྲག་གི་གནས་བབ་དང་། བཀའ་བློན་ཁྲི་པའི་འགན་ཁུར། ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་སྤེལ་བའི་ནང་།
ཛ་དྲག་གི་གནས་བབ་ལ་མཚོན་ན། སྤྱིར་བཏང་ད་ལྟ་འཛམ་གླིང་འདི་ཧ་ཅང་གི་ཛ་དྲག་གནས་བབ་ཅིག་གི་འོག་འགྲོ་མུས་ཡིན། ༸གོང་ས་མཆོག་ནས་ད་ལྟའི་འཛམ་གླིང་འདི་ཀླན་ཀ་དང་འགལ་རྐྱེན་མི་འདྲ་བ་ལྔ་ཙམ་ཞིག་གིས་ཁ་གཏད་གཅོག་དགོས་ཀྱི་ཡོད་ཅེས་བཀའ་སློབ་སྩལ་ཡོད། འགལ་རྐྱེན་དེ་རིགས་ལ་སའི་གོ་ལ་འདི་རྩ་མེད་གཏོང་རྒྱུའི་ནུས་པ་ཡོད་པའི་གནས་བབ་དང་། འགྲོ་བ་མིའི་རིགས་མཚོན་པའི་འཛམ་གླིང་འདི་ཐོག་གནས་པའི་སྲོག་ལྡན་གྱི་སྐྱེ་འགྲོ་ཡོངས་རྫོགས་འཚོ་གནས་ཐུབ་པ་ཞིག་ཡོང་གི་ཡོད་དམ། དེ་ལྟར་མི་ཐུབ་པར་བསྐལ་པ་འཇིག་པའི་དུས་སྐབས་ཤིག་སླེབས་ཀྱི་ཡོད། ད་ལྟ་འཆར་མི་ཐུབ་པའི་གནས་སྟངས་ཤིག་རེད། འཛམ་གླིང་ཁྱོན་ཡོངས་ལ་མཚམས་ཚིགས་མེད་པའི་མི་འབོར་འཕེལ་རྒྱས་འགྲོ་གི་ཡོད་སྟབས། དཔལ་འབྱོར་དང་མཐུན་རྐྱེན་འཕེལ་རྒྱས་ག་ཚོད་ ཕྱིན་ཡང་མི་འབོར་འཕེལ་རྒྱས་ཀྱི་རྗེས་ཟིན་གྱི་མེད། ལྷག་པར་རྒྱ་གར་དང་རྒྱ་ནག་ལྟ་བུ་ཡར་རྒྱས་འགྲོ་བཞིན་པའི་ཡུལ་ལུང་དེ་དག་ལ་མཚོན་ན་། ཕྱི་དངོས་པོའི་ཡར་རྒྱས་ཚད་མཐོ་པོ་འགྲོ་གི་ཡོད་ཀྱང་མངོན་གསལ་དོད་པོ་མཐོང་མི་ཐུབ་པའི་གནས་སྟངས་ནི་དངོས་པོ་ཡར་རྒྱས་ཀྱི་ཚད་དེ་ལས་མི་འབོར་འཕར་ཚད་མྱུར་བའི་དབང་གིས་དཀའ་ངལ་ཞིག་འཕྲད་ཀྱི་ཡོད་པ་རེད།
དེ་བཞིན་ཛ་དྲག་གི་དཀའ་ངལ་གཉིས་པ་ནི། དཔལ་འབྱོར་འདྲ་མཉམ་མེད་པའི་གནས་བབ། ཆབ་སྲིད་འདྲ་མཉམ་མེད་པའི་གནས་བབ། གཅིག་གིས་གཅིག་ལ་བཙན་གནོན་དང་བཤུ་གཞོག་བྱེད་རྒྱུ། ཕྱུག་པོ་དང་དབུལ་པོའི་དབར་བར་ཁྱད་ཧ་ཅང་ཤུགས་ཆེན་པོ་འགྲོ་རྒྱུ་དེ་ཛ་དྲག་གི་གནས་སྟངས་ཆེེན་པོ་ཞིག་རེད། སྤྱིར་བཏང་དངོས་ཡོད་གནས་ཚུལ་གྱི་ཐོག་ནས་སྐྱོ་པོ་ཡོད་པ་མང་པོ་ཡོད་ཀྱང་དེ་ཙམ་མངོན་ཐུབ་ཀྱི་མེད། འོན་ཀྱང་ལྟོས་ས་ལྟོས་ཕྱོགས་ཀྱི་དབུལ་པོ་ཡིན་པ་མང་པོ་ཡོད་རྐྱེན། འཛམ་གླིང་ཁྱོན་ཡོངས་ཀྱི་ཐོན་འབབ་ཡོངས་རྫོགས་བརྒྱ་ཆ་བརྒྱད་ཅུ་ཐམ་པ་དེ་འཛམ་གླིང་གི་མི་འབོར་བརྒྱ་ཆ་ཉི་ཤུ་ཐམ་པས་བག་མེད་ལོངས་སྤྱོད་བྱེད་ཀྱི་ཡོད་པ་རེད། འཛམ་གླིང་གི་མི་འབོར་བརྒྱ་ཆ་བརྒྱད་ཅུ་ཐམ་པ་ཐོན་སྐྱེད་བརྒྱ་ཆ་ཉི་ཤུ་ཐམ་པའི་ཐོག་ལ་འཚོ་ཐུབ་ཀྱི་ཡོད་རུང་མེད་རུང་དེའི་ཐོག་སྡོད་རྒྱུའི་གནས་སྟངས་ཤིག་ཆགས་ཡོད་པ་ཧ་ཅང་ཛ་དྲག་གི་གནས་བབ་ཆགས་ཡོད།
ཛ་དྲག་གི་གནས་ཚུལ་གསུམ་པ་དེ་ནི་ཁོར་ཡུག་ཉམས་ཆགས་དེ་ཡིན། ཁོར་ཡུག་ཉམས་ཆག་ཚད་ལས་བརྒལ་བ་ཕྱིན་པའི་ཉེར་ལེན་ལ་བརྟེན་ནས། ལྷག་པར་དུ་འཛམ་གླིང་འདི་བཟོ་ལས་ཅན་དུ་གྱུར་བ་ནས་བཟུང་སྟེ་ལོ་ཉིས་བརྒྱ་ལྷག་ཙམ་ཞིག་མ་གཏོགས་ཕྱིན་མེད་ཀྱང་འཛམ་བུ་གླིང་གི་སྣོད་ཀྱི་བཀོད་པའི་རང་བྱུང་གི་འབྱུང་ཁམས་དེ་དག་ཧ་ཅང་གི་བརྡལ་བཤིག་ཏུ་བཏང་ནས། ད་ལྟའི་གནས་སྐབས་མིའི་སྲོག་འཚོ་རྒྱུར་དགོས་མཁོ་མེད་དུ་མི་རུང་བའི་འཐུང་ཆུ་དང་དབུགས་འབྱིན་རྔུབ་བྱེེད་རྒྱུའི་རླུང་ཡང་ཡག་པོ་ཞིག་རག་གི་མེད། ཁོར་ཡུག་ཉམས་ཆག་ཚད་ལས་བརྒལ་བའི་གྲོང་ཁྱེར་ཆེ་ཁག་ཁ་ཤས་ནང་ལ་དབུགས་མ་འདང་བའི་སྐབས་ལ་སྲོག་རླུང་རྔུབ་སའི་ཁང་ཆུང་བཟོས་ཟིན་ཡོད། དེ་ཙམ་དུ་མ་ཟད་པའི་འཚེ་བའི་གནས་སྟངས་དེ། སྔོན་མ་ཡིན་ན་འཚེ་བ་ཞེས་པ་འདི་ས་ཁྱོན་དང་དབང་ཆ། ཡང་ན་དཔལ་འབྱོར་གྱི་ཆེད་དུ་འཚེ་བ་བྱེད་ཀྱི་ཡོད་པ་རེད། དེར་བརྟེན་དམག་ལྟ་བུར་མཚོན་ན། དམག་བརྒྱབ་ནས་ཐོབ་ཤོར་གྱི་གནས་སྟངས་འོག་ནས་ཚར་འགྲོ་གི་ཡོད། ད་ལྟའི་གནས་སྐབས་ལ་དམག་དེ་ཚོ་ཡང་ཚོང་ཆགས་ཡོད། འཇིགས་སྐུལ་རིང་ལུགས་ཞེས་པ་དེ་འཇིགས་སྐུལ་རིང་ལུགས་གང་ཡང་མ་རེད།
ད་ལྟའི་འཛམ་བུ་གླིང་འདིའི་བཟོ་གྲྭའི་ནང་ལ་སྟོབས་ཤུགས་ཆེ་ཤོས་དང་མཐུན་རྐྱེན་མང་ཤོས་ཤིག་གང་གི་ནང་དུ་འགྲོ་ཡོད་ཅེས་ན། མཚོན་ཆ་དང་དེ་དང་འབྲེལ་བའི་དམག་འཐབ་ཀྱི་ཆ་རྐྱེན་ཤ་སྟག་བཟོ་གི་ཡོད། ཁོང་ཚོར་ཁྲོམ་ར་གནས་དགོས་སྟབས་འཛམ་བུ་གླིང་ལ་འཚེ་བ་མེད་པ་གནས་ཐབས་མེད་པ་རེད་སོགས་གསུང་བཤད་གནང་།
བོད་དོན་སྐོར་ལ་གསུང་བཤད་གནང་གསལ། བོད་ནང་ལ་བལྟས་པ་ཡིན་ན་ཧ་ལས་པའི་ཛ་དྲག་གི་གནས་བབ་ཅིག་རེད། ཕྱི་ལོ་ ༡༩༥༡ ནས་བཟུང་ད་བར་ལོ་ ༦༠ ཙམ་ཞིག་བོད་མི་རིགས་ཀྱི་གནས་བབ་དང་བདེ་སྡུག་གང་འདྲ་མྱངས་ཡོད་པ་རེད། ལྷག་པར་དུ་ ༡༩༥༩ རྗེས་ལ་གྱེན་ལོག་གཉའ་གནོན་དང་ཟིང་འཁྲུག་ལྷིང་འཇགས་ཀྱི་མིང་ཐོག་ནས་ང་ཚོའི་མི་འབོར་ཡོངས་རྫོགས་ནས་བརྒྱ་ཆ་ཉི་ཤུ་ཡས་མན་ཞིག ༡༩༥༩ ནས་ ༡༩༧༩ ནང་མི་འབོར་བརྒྱ་ཆ ༡༩ ཙམ་ཞིག་མི་རིགས་དང་། རིག་གཞུང་། ལེགས་བྱང་གི་ཆེད་དུ་བཟོད་པར་དཀའ་བའི་མནར་གཅོད་མྱངས་ནས་རྩ་མེད་ཕྱིན་ཡོད།
ལྷག་པར་དུ་སྔ་ལོ་ཕྱི་ཟླ་ ༣ པ་ནས་བཟུང་ད་ལྟ་བར་བོད་ས་ཁྱོན་ཡོངས་ནང་བོད་མི་རྣམས་ནས་འཇིགས་སྣང་དང་ཉེན་ཁའི་ཐོག་ནས་ཉིན་རེའི་འཚོ་བ་གང་འདྲ་ཞིག་སྐྱེལ་གྱི་ཡོད་པ་ང་ཚོ་རང་དབང་ལུང་པའི་ནང་སྡོད་མཁན་དེ་དག་གིས་ཚོད་དཔག་ཀྱང་བྱེད་ཁག་པོ་རེད་བསམ་གྱི་འདུག་སོགས་ཀྱི་གསུང་བཤད་གནང་ཡོད།
དོན་ཚན་གཉིས་པ་བཀའ་བློན་ཁྲི་པའི་འགན་ཁུར་ཞེས་པ་འདི། བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེ་དང་བཙན་བྱོལ་བོད་གཞུང་གི་འཛིན་སྐྱོང་དང་འབྲེལ་བའི་སྒྲིག་གཞི་ཁག་ནང་གསལ་པོ་བཀོད་ཡོད།
མདོར་བསྡུས་ནས་ཞུས་པ་ཡིན་ན། བཀའ་བློན་ཁྲི་པའི་འགན་ཁུར་དེ་ཆབ་སྲིད་ཀྱི་འགན་ཁུར་ཡོངས་རྫོགས་ཡིན་པ། ༸སྐྱབས་མགོན་རིན་པོ་ཆེའི་དབུ་ཁྲིད་འོག་བཙན་བྱོལ་གཞུང་གི་ཆབ་སྲིད་ཀྱི་དབུ་ཁྲིད་དེ་རྒྱ་ཆེའི་མང་ཚོགས་ཀྱི་ཐད་ཀར་མང་གཙོའི་ལམ་སྲོལ་དང་མཐུན་པའི་འོས་འདེམས་བྱས་ནས་ཡོང་དགོས་པ་ཤིག་ཆགས་ཀྱི་ཡོད་པ་རེད།
ཅེས་སོགས་གསུང་བཤད་སྤེལ་གྲུབ་རྗེས་བགྲོ་གླེང་ཡོངས་རྫོགས་དྲ་རྒྱ་བརྒྱུད་ཐད་གཏོང་བྱས་ཡོད་པ་དང་སྦྲགས་ཕྱི་རྒྱལ་ཡུལ་ཁག་ནས་དྲ་གནས་ཐོག་ཐད་ཀར་དྲི་བ་ཕུལ་བ་ཁག་ལ་ལན་འདེབས་གསལ་བཤད་དང་། དེ་བཞིན་ཚོགས་བཅར་བས་དྲི་བ་ཕུལ་བ་ཁག་ལན་འདེབས་གསལ་བཤད་གནང་བ་སོགས་དོན་སྙིང་ལྡན་པའི་བགྲོ་གླེང་ཞིག་བྱུང་ཡོད།
ཐེངས་འདིར་གོ་སྒྲིག་ཞུས་པའི་འབྱུང་འགྱུར་གྱི་བཀའ་བློན་ཁྲི་པའི་འོས་བསྡུའི་བགྲོ་གླེང་དུ་སེར་སྐྱ་མི་མང་དང་སློབ་ཕྲུག་བཅས་སྟོང་ཚོ་བརྒལ་བ་བཅར་ཡོད་པ་བཅས་ཀྱི་གནས་ཚུལ་དུ།