༢༠༠༩ ཕྱི་ཟླ་ ༦ ཚེས་ ༡༨ རེས་གཟའ་ཕུར་བུ།
༄༅། འདི་གར་མུ་མཐུད་ཁུངས་ལྡན་གྱི་གནས་ཚུལ་འབྱོར་བ་གཞིགས་ན། ཕྱི་ཟླ་ ༦ ཚེས་ ༧ ཉིན་ནི་བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་སྐུ་བལྟམས་པ་དང་། སངས་རྒྱས་པ། དགོངས་པ་མྱ་ངན་ལས་འདས་པའི་དུས་ཚེས་གལ་ཆེ་ཤོས་ཤིག་ཡིན་སྟབས་ཟླ་བ་འདིའི་ནང་བོད་རིགས་སེར་སྐྱ་ཚང་མས་དགེ་བའི་ལས་ཁོ་ན་བྱེད་བཞིན་པ་ཙམ་དུ་མ་ཟད། བོད་ཚེས་བཅོ་ལྔ་ཉིན་དམིགས་བསལ་དུས་ཚེས་ཁྱད་པར་ཅན་ཞིག་ལ་ངོས་འཛིན་བྱེད་སྲོལ་ཡོད། དེ་བཞིན་ད་ལོའི་བོད་ཚེས་བཅོ་ལྔ་ཉིན་བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མ་མཆིས་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཕ་རན་སི་རྒྱལ་ས་པཱ་རི་སེའི་ཡུལ་མིའི་མཚན་མཐོང་ཕུལ་བའི་དུས་ཚེས་ཀྱང་ཏག་ཏག་འཁེལ་ཡོད་སྟབས།
རྒྱ་ནག་གཞུང་ཕྱོགས་ནས་བོད་ཁྱོན་ཡོངས་སུ་དམ་བསྒྲགས་ཆེན་པོ་བྱས་ཐོག་བོད་ཀྱི་རྒྱལ་ས་ལྷ་སའི་ནང་དྲག་ཆས་དམག་མི་ཁྱོན་ཆེ་བཀྲམ་པ་དང་། མངོན་གསལ་མ་ཡིན་པའི་བདེ་འཇགས་མི་སྣའང་མང་པོ་བཀྲམ་ཡོད་པ་ཙམ་དུ་མ་ཟད། གནམ་ཐོག་ནས་ཐད་འཕུར་གནམ་གྲུ་བཞི་ཙམ་གྱིས་སྐོར་བསྐྱོད་ཡང་ཡང་བྱེད་ཀྱི་ཡོད། འོན་ཀྱང་བོད་ཀྱི་རྒྱལ་ས་ལྷ་སའི་ནང་དེ་ཉིན་སེར་སྐྱ་མང་ཚོགས་ཚོས་མཆོད་མཇལ་ཞུ་བ་དང་བསངས་གསོལ་ཟབ་རྒྱས་བཏང་བའི་ཐོག་དཀར་ཕྱོགས་སྐྱོང་བའི་ལྷ་སྲུང་རྣམས་དབུ་འཕང་གུང་ལ་འདེགས་པའི་་ལྷ་རྒྱལ་འཐེན་པ་སོགས་བྱས་ཏེ་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་སྐབས། སྤྱི་བདེ་ཉེན་རྟོག་པ་དང་དྲག་ཆས་དམག་མི་ཡོང་སྟེ་མི་སྣ་ཁག་གཅིག་སྔ་རྗེས་སུ་འཛིན་བཟུང་བཀག་ཉར་བྱས་ཡོད་པའི་མིང་གཞུང་ཤེས་རྟོགས་བྱུང་ཁོངས། སྡེ་དགེ་པད་རྡོ་དང་། ཕུར་པ། སྒྲོལ་སྐྱབས།(རྡོ་སྐྱབས།) རྡོ་རྗེ་ཚེ་རིང་། པདྨ་དྲི་མེད། ནང་ཆེན་ཐུབ་པ། ཚ་སྒང་ནས་ཡིན་པ་བསོད་ཕྲུག འཇོ་མདའ་ནས་ཡིན་པ་བསོད་སྟོབས། འཇོ་མདའ་རྫོང་ཁ་སྒང་ནས་ཡིན་པ་འཕྲིན་ལས་ལྷུན་གྲུབ་བཅས་འཛིན་བཟུང་བྱས་ཡོད་པ་དང་། འཕྲིན་ལས་ལྷུན་གྲུབ་ནི་སྔ་ལོའི་ ༢༠༠༨ ལོའི་ཞི་རྒོལ་སྐབས་ཀྱང་བཀག་ཉར་བྱས་མྱོང་ཡོད་པ་ཞིག་ཡིན་འདུག