༢༠༠༩ ཕྱི་ཟླ་ ༦ ཚེས་ ༡༥ རེས་གཟའ་ཟླ་བ།
༄༅།། འདི་ལོ་བོད་མི་བཙན་བྱོལ་དུ་འབྱོར་ནས་ངོ་ལོ་ ༥༠ འཁོར་བའི་དུས་དྲན་སྲུང་བརྩིའི་ལས་འཆར་ཁོངས་སུ་༸གོང་ས་མཆོག་གི་ཀུན་ཕན་བདེ་རྩ་ཚོགས་པ་དང་བོད་གཞུང་ཕྱི་དྲིལ་ལས་ཁུངས་གཉིས་ནས་གོ་སྒྲིག་ཞུས་ཏེ་བོད་གཞུང་ཟློས་གར་ཚོགས་ཁང་དུ་བོད་ཀྱི་གློག་བརྙན་དུས་སྟོན་ཉིན་གསུམ་རིང་གནང་ཡོད།
༢༠༠༩ ཕྱི་ཟླ་ ༦ ཚེས་ ༡༢ ནས་ཚེས་ ༡༤ བར་ཉིན་གྲངས་གསུམ་རིང་བོད་གཞུང་ཟློས་གར་ཚོགས་པའི་ཚོགས་ཁང་དུ་ཕྱི་ནང་མི་དམངས་རྣམས་ལ་རིན་མེད་ཐོག་ནས་བོད་ཀྱི་གློག་བརྙན་ཁག་མི་འདྲ་བ་གྲངས་ ༡༧ ཙམ་བསྟན་ཡོད་པ་རེད།
དེ་ཡང་ཕྱི་ཟླ་ ༦ ཚེས་༡༢ ཉིན་ཕྱེད་ཡོལ་ཆུ་ཚོད་ ༣།༣༠ ཐོག་སྐུ་མགྲོན་གཙོ་བོ་ཕྱི་དྲིལ་བཀའ་བློན་སྟག་ལྷ་སྐལ་བཟང་དབྱངས་སྐྱིད་མཆོག་གདན་ཞུ་བྱས་ཡོད་པ་དང་། དེ་བཞིན་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས། དྲིལ་བསྒྲགས་དྲུང་ཆེ་ཐུབ་བསྟན་བསམ་འཕེལ་ལ་བཅས་ཀྱང་མཉམ་ཞུགས་གནང་ཡོད།
མཛད་རིམ་ངོ་སྤྲོད་ཀྱི་ཐོག་མར་ལྡི་ལིར་ཡོད་པའི་༸གོང་ས་མཆོག་གི་ཀུན་ཕན་བདེ་རྩ་ཚོགས་པའི་ལས་བྱེད་ཐུབ་བསྟན་ཚེ་དབང་ལགས་ནས་གློག་བརྙན་དུས་སྟོན་གྱི་བརྒྱུད་རིམ་དང་། དེ་བཞིན་འདིར་སྟོན་དགོས་པའི་རྒྱུ་མཚན་གསལ་བཤད་དང་འབྲེལ་ཕྱི་རྒྱལ་ས་གནས་གཞན་མང་པོར་ཞིག་ཏུའང་སྟོན་འཆར་ཡོད་སྐོར་སོགས་ཀྱི་ངོ་སྤྲོད་གསུང་བཤད་གནང་།
དེ་ནས་སྐུ་མགྲོན་གཙོ་བོ་ཕྱི་དྲིལ་བཀའ་བློན་མཆོག་ནས་གཏམ་བཤད་གནང་དོན། ཐེངས་འདིར་གློག་བརྙན་གོ་སྒྲིག་གནང་མཁན་དང་། གཟིགས་མོར་ཆེད་བཅར་གནང་མཁན་མི་དམངས་ཡོངས་ལ་འཚམས་འདྲིའི་བཀྲིས་བདེ་ལེགས་གསུངས་པ་དང་འབྲེལ། ཚོགས་པ་དང་མི་སྒེར་གང་འདྲ་ཞིག་ཡིན་རུང་དྲང་བདེན་ལ་བློ་ཁ་ཕྱོགས་པ་ཙམ་དུ་མ་ཟད་དེ་སྐྱོང་བ་ལ་འབད་བརྩོན་གནང་དགོས་པ་ཡིན། དེ་བཞིན་དེ་རིང་གི་གློག་བརྙན་འདི་བརྒྱུད་ནས་ང་ཚོ་བོད་པ་རྣམས་ཀྱི་འཚེ་མེད་ཞི་བའི་ཐོག་ལ་ཤར་བསྐྱོད་བྱེད་མུས་ཡིན་པ་ཤེས་ཐུབ་པ་ཞིག་ཡིན། གློག་བརྙན་གྱི་དུས་སྟོན་འདི་ལྟ་བུ་ཞིག་གོ་སྒྲིག་ཞུ་རྒྱུར་དཀའ་ལས་ཁག་པོ་ཡོད། དེར་བརྟེན་ད་རེས་ཁྱེད་རྣམས་ཀྱིས་གློག་བརྙན་གཟིགས་པ་ཙམ་མ་ཡིན་པར་དེ་ནས་རང་ལ་དགོས་པའི་ཤེས་བྱ་མང་པོ་ཞིག་ཡོད་ངེས་ཡིན་པས་དེ་དག་ལེན་པའི་ཐོག་ནས་རང་ཉིད་ཀྱི་ཤེས་ཡོན་གོང་འཕེལ་གཏོང་དགོས་པ་རེད་ཅེས་སོགས་ཀྱི་གསུང་བཤད་གནང་།
དེ་རྗེས་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་ནང་། བོད་གཞུང་མང་བཙན་བྱོལ་དུ་འབྱོར་ནས་ལོ་ངོ་ལྔ་བཅུ་འཁོར་བའི་དུས་དྲན་སྲུང་བརྩིའི་ལས་འཆར་ཁོངས་སུ། ༸གོང་ས་མཆོག་གི་ཀུན་ཕན་བདེ་རྩའི་ལས་བྱེད་པ་ཐུབ་བསྟན་ཚེ་དབང་ལགས་དང་། བོད་གཞུང་ཕྱི་དྲིལ་ལས་ཁུངས་གཉིས་ནས་བོད་ཀྱི་གློག་བརྙན་དུས་སྟོན་ཞེས་པ་འདི་གོ་སྒྲིག་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་འབྲེལ། གློག་བརྙན་སྟོན་རྒྱུར་བོད་གཞུང་ཟློས་གར་ཚོགས་པ་ནས་ཚོགས་ཁང་རིན་མེད་ཐོག་མཐུན་རྐྱེན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་སྦྲགས། གློག་བརྙན་བཟོ་མཁན་ཡོངས་ནས་ང་ཚོར་རིན་མེད་སྟོན་རྒྱུར་བཀའ་འཁྲོལ་གནང་བྱུང་བར་ཁོང་རྣམས་ལ་ཐུགས་རྗེ་ཆེ་ཞེས་གསུང་བཤད་གནང་།
དེ་རྗེས་གློག་བརྙན་བཟོ་སྐྲུན་པ་སྐུ་ཞབས་ Arnaud Desjardins ལགས་ཀྱི་བཟོས་གནང་བའི་གློག་བརྙན་ The Message of the Tibetans ཞེས་སོགས་ཀྱི་གློག་བརྙན་ཁག་ལྔ་མི་དམངས་རྣམས་ལ་བསྟན་ཡོད་པ་རེད། ཕྱི་ཚེས་ ༡༣ ཕྱི་དྲོ་ཆུ་ཚོད་ ༣།༠༠ ཐོག་མུ་མཐུད་གློག་བརྙན་བཟོ་སྐྲུན་པ་ Christian Lundberg ལགས་ཀྱི་བཟོས་གནང་བའི་ Mystic Tibet:An outer, Inner,and Secret Pilgrinmge ཞེས་པ་སོགས་ཀྱི་གློག་བརྙན་ཁག་དྲུག་མི་དམངས་ལ་བསྟན་ཡོད།
ཡང་ཕྱི་ཚེས་ ༡༤ ཕྱི་དྲོ་ཆུ་ཚོད་ ༢།༠༠ ཐོག་གློག་བརྙན་བཟོ་སྐྲུན་པ་ Emma Hindley ལགས་ཀྱི་བཟོས་གནང་བའི་ The lost World of Tibet ཞེས་པ་སོགས་ཀྱི་གློག་བརྙན་ཁག་དྲུག་མི་དམངས་རྣམས་ལ་གཟིགས་འབུལ་ཞུས་པར་བརྟེན། རྒྱ་ཆེ་གཟིགས་མོ་བ་རྣམས་ཀྱི་སྤྱན་ལམ་དུ་བོད་གཞུང་མང་བཙན་བྱོལ་དུ་འབྱོར་ནས་མི་ལོ་ལྔ་བཅུའི་ནང་གྲུབ་འབྲས་མི་དམན་ཙམ་ཞིག་ཐོབ་ཡོད་པ་གློག་བརྙན་འདི་དག་བརྒྱུད་ནས་ཤེས་རྟོགས་བྱུང་བའི་གནས་བསྡུས་སུ།།